༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༠ ཉིན་སྔ་དྲོ་ཏེ་ཛུ་ནས་ནམ་སེའི་བརྒྱུད་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་འབྱོར་ཐོག་ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ནས་ ༢།༤༠ བར་དེ་གའི་ས་གནས་འགོ་འཛིན་ལས་ཁུངས་དང་། དགོན་པ། རྒན་གསོ་ཁང་། བུ་བཅོལ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། སྔོན་འགྲོའི་སློབ་གྲྭ་བཅས་སུ་གཟིགས་ཞིབ་གནང་། ཕྱི་ཚེས་ ༢༡ ཉིན་སྔ་དྲོ་ཕྱག་ཚོད་ ༩ ནས་སཾ་བྷོ་ཊ་སློབ་གྲྭར་ཕེབས་ཏེ་རིགས་ལམ་གྱི་བགྲོ་གླེང་དང་། སྙན་ཚིག་འགྱེར་འདོན། གཞས་སྣ་བཅས་ལ་གཟིགས་ཞིབ་ཀྱིས་སློབ་གྲྭའི་དགེ་སློབ་རྣམས་ལ་བོད་ཀྱི་རིག་གཞུང་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་། ཕྱག་ཚོད་ ༢།༤༠ ནས་ ༥།༣༠ བར་དེ་གའི་མི་མང་ཚོགས་འདུའི་སྐབས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཞུ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་ལྔ་དང་ལྔ་བཅུའི་ལས་འཆར་སྐོར། གཞིས་ཆགས་སྲ་བརྟན་གནས་ཐབས། ༢༠༡༧ ལོ་འདི་ལས་འགུལ་ལོ་ཡིན་པ། ༢༠༡༨ ལོ་འདི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་འཆར་ཡིན་པ། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། མི་འབོར་འཕེལ་རྒྱས་གཏོང་ཐབས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་། ཕྱི་དྲོ་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་ཌེབ་རུ་གར་ཕེབས་ཐོན་གནང་། ཕྱི་ཚེས་ ༢༢ སྔ་དྲོ་ཌེབ་རུ་གར་ནས་གོཧཱ་ཊི་བར་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཕྱི་དྲོ་བསྟན་འཛིན་སྒང་གཞིས་ཆགས་སུ་ཕེབས་འབྱོར་གནང་། །

(21)