གཞི་རིམ་འོག་མའི་སློབ་དེབ་གསར་པ་རྒྱུས་སྟོན།


གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་མཁོ་སྤྲོད་གནང་སྟངས་ལ་རག་ལས་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང། འདི་ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས་སློབ་དེབ། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་སོགས་སློབ་དེབ་གསར་པ་ཁག་ཅིག་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།

སློབ་དེབ་གསར་པ་དེ་དག་གི་ནང་དོན་ངོ་སྤྲོད་དང་ཁྲིད་ཐབས་སོགས་ཀྱི་ཆེད་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་རྩོམ་སྒྲིག་པ་གཉིས་ཀྱིས་ཕྱི་ལོ་༢༠༡༥ ཟླ་ ༤ ཚེས ༢༤ དང་ ༢༥ ཉིན་དྷ་ཤོད་བོད་ཁྱིམ་དུ་དྷ་ས་ཁུལ་གྱི་གཞི་རིམ་འོག་མའི་བོད་དགེ་རྣམས་དང། ཟླ་ ༤ ཚེས ༢༨ དང་ ༢༩ སྤོན་ཊ་གཏན་སློབ་ཏུ་མ་སུ་རི་མངའ་ཁུལ་སློབ་ཁག་བདུན་གྱི་གཞི་རིམ་འོག་མའི་བོད་དགེ་རྣམ་པར་རྒྱུས་སྟོན་གནང་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༥ ཚེས ༡༡ དང་ ༡༢ ལ་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་། སྦིར། སིམ་ལ། ཌལ་ཧོར་གཏན་སློབ་བཅས་ཀྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་རྒྱུས་སྟོན་གནང་བཞིན་ཡོད།

གཞན་ཡང་གཏན་ཉིན་སློབ་གྲྭ་ཁག་གི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་རྣམས་ས་གནས་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༤ ཉིན་སྤོན་ཊ་མངའ་ཁུལ་དང། ཟླ་ ༤ ཚེས་ ༡༠ ཉིན་སིམ་དང་དོ་ལན་ཇི། ཟླ་ ༤ ཚེས་ ༡༡ ཉིན་ལྷོ་ཕྱོགས་སློབ་ཁག་ ༡༠ བཅས་ཀྱི་གཞི་རིམ་འོག་མའི་ཨང་རྩིས་དགེ་རྒན་རྣམས་ལ་སློབ་དེབ་གསར་པའི་ནང་དོན་དང་ཁྲིད་ཐབས་སོགས་ཀྱི་སྐོར་ལ་རྒྱུས་མངའ་ལམ་སྟོན་གནང་ཡོད་པ་རེད།
འདི་ཟླའི་ཚེས ༡༤ ནས་ ༡༧ བར་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པས་དྷ་ས་ཁུལ་གྱི་སློབ་ཁག་ལ་རྒྱུས་སྟོན་སྐོར་བསྐྱོད་གནང་འཆར་ཡོད་པ་དང་། དེ་རྗེས་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་སློབ་ཁག་ནང་རྒྱུས་མངའ་ལམ་སྟོན་གནང་འཆར་ཡོད་པ་བཅས།

Menu