Monthly Archives

༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རུ་ནཱཅལ་མངའ་ཁོངས་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།

kalon-visits, News

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༦ ནས་ ༢༩ བར་ཨ་རུ་ནཱཅལ་མངའ་ཁོངས་བོད་མིའི་གཞིས་ཁག་ལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་ལྟར། འདི་ཟླའི་ཚེས་ ༡༨ ཉིན་དིལླཱི་ནས་མཁའ་ལམ་བརྒྱུད་ཌེབ་རུ་གར་གནམ་ཐང་དུ་ཕེབས་འབྱོར་གྱིས་ཏེ་ཛུ་ས་གནས་འགོ་འཛིན་གྱིས་ཕེབས་བསུ་ཞུས་ནས་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཕྱི་དྲོ་ཚོུད་ ༧ ཐོག་ཕེབས་པ་དང་ས་འཐུས་ཚོགས་གཙོ་དང་རང་བདེན་ཚོགས་གཙོ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། མཉམ་འབྲེལ་དྲུང་ཆེ། ས་གནས་དབུ་མའི་ལམ་གྱི་འགན་འཛིན། ས་གནས་འགོ་འཛིན་ལས་ཁང་གི་ལས་བྱེད། གཞིས་གྲོང་གི་སྤྱི་མི་ལྔ་བཅས་ནས་ཕེབས་སུ་འཚམས་འདྲི་ཞུས། ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་གཞིས་ཆགས་མཉམ་ལས་ཁང་། ཡན་ལག་སྨན་རྩིས་ཁང་། འཕྲོད་བསྟེན་ཡན་ལག་སྨན་ཁང་། རྒན་གསོ་ཁང་བཅས་ལ་གཟིགས་སྐོར་གནང་། སྔ་དྲོ་ཕྱག་ཚོད་ ༩ ཐོག་སཾ་བྷོ་ཊ་ཉིན་སློབ་ཀྱི་ཞོགས་པའི་བྱེད་སྒོ་ཁག་ལ་གཟིགས་ཞིབ་ཀྱིས་སློབ་གྲྭའི་དགེ་ཆེས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་། དེ་སྐབས་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་བོད་ཀྱི་སྲིད་སྐྱོང་མང་ཙམ་ཐོན་ཐུབ་པ་དང་། བོད་སྤྱི་པའི་ལས་དོན་བྱ་ཐུབ་པ། ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མ་འོངས་བོད་འཛུགས་སྐྲུན་སླར་གསོ་ཐུབ་པ། གཞིས་ལུས་བོད་མིའི་མངོན་འདོད་སྒྲུབ་དགོས་སོགས་གསུངས། དེ་རྗེས་སློབ་གྲྭའི་འཛིན་ཁང་སོ་སོར་གཟིགས་ཞིབ་ཀྱིས་བོད་ཨིན་གཉིས་ཀྱི་ཤེས་ཚད་རྒྱུས་ལོན་ཐོག་དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་ལམ་སྐོར་དང་། སློབ་ཕྲུག་ཚོའི་མ་ཚེ་འཕྲོ་བརླག་དགེ་རྒན་གྱིས་གཏོང་ཐུབ་ཀྱི་ཡོད་ལ་སློབ་ཕྲུག་ཚོའི་མི་ཚེ་ཡག་པོ་དགེ་རྒན་གྱིས་ཀྱང་བཟོ་ཐུབ་ཀྱི་ཡོད་པས། དགེ་རྒན་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དགེ་རྒན་རང་ངོས་ནས་སློབ་སྦྱོང་འཕར་མ་བྱས་ཏེ་གནས་ཚད་ཡར་རྒྱས་གཏོང་དགོས་སྐོར་དང་། སློབ་ཕྲུག་རྣམས་ལ་བོད་ཨིན་གཉིས་ཐོག་གནས་ཚད་ལེགས་པོ་ཡོང་ཐབས་དང་དཔེ་བཤུ་ཙམ་མ་ཡིན་པར་སློབ་ཕྲུག་རང་ཉིད་ཀྱིས་འབྲི་རྩོམ་ཐུབ་པ་འབད་བརྩོན་བྱ་དགོས་གལ་ཆེའི་སྐོར། དེ་བཞིན་སློབ་ཕྲུག་གི་ཕ་མ་ཆེད་འབོད་ཀྱིས་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཐབས་ཐོག་གོ་བསྡུར་གནང་དགོས་བཅས་ལམ་སྟོན་གནང་། ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཐོག་མི་མང་ཚོགས་འདུའི་སྐབས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་སྐུ་ཕྱཱའི་ཉེན་སྲུང་ཞུ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་ལྔ་དང་ལྔ་བཅུའི་ལས་འཆར་སྐོར། གཞིས་ཆགས་སྲ་བརྟན་གནས་ཐབས། ༢༠༡༧ ལོ་འདི་ལས་འགུལ་ལོ་ཡིན་པ། ༢༠༡༨ ལོ་འདི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་འཆར་ཡིན་པ། ང་ཚོས་རྒྱ་མིའི་མི་འབོར་དང་དྲག་ཆས། དཔག་འབྱོར་ཐོག་ནས་ཁ་གཏད་གཅོག་མི་ཐུབ་ཀྱང་ཤེས་ཡོན་གྱི་སྒོ་ནས་སྦྱང་བརྩོན་གྱིས་ཏེ་རྒྱ་མིར་ཁ་གཏད་གཅོག་དགོས་པ། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། མི་འབོར་འཕེལ་རྒྱས་གཏོང་ཐབས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་། ཕྱི་ཚེས་ ༢༠ སྔ་དྲོ་ ༧།༣༠ ཐོག་དགེ་རྒན་ཕ་མའི་ཚོགས་ཆུང་ཚང་འཛོམས་སར་ཕ་མའི་སྐུ་ཚབ་ངོས་ནས་དྲི་བ་གནང་བར་གསན་བཞེས་དང་སྦྲགས་སློབ་གྲྭ་ཚགས་ཚུད་སླད་དགེ་རྒན་ཕ་མའི་ཚོགས་ཆུང་ངོས་ནས་ཀྱང་འགན་ཁུར་མང་ཙམ་ལེན་དགོས་གསུང་བཤད་གནང་། སྔ་དྲོཚོུད་ ༩ པའི་ཐོག་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་། །

Previous
ཤེས་རིག་དཔར་ཁང་གི་འགན་འཛིན་ལྷན་ཚོགས།
Next
སློབ་བསྡུ་གསལ་བསྒྲགས་ཕར་འགྱངས།
Menu