༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ ༩ བར་བསྐོང་ཚོགས་བསྐྱངས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་གཞི་དང་གྲོས་ཆོད།
གྲོས་གཞི་དང་པོ།
གཏན་ཉིན་སློབ་གྲྭ་ཁག་ནང་སློབ་ཕྲུག་གི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་མུས་ལ་བརྟེན་ཟླ་སྒྲིལ་སོགས་ཀྱི་ལམ་ནས་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས། འཛིན་གྲྭའི་ནང་སློབ་མ་དབུས་བཞག་གི་སློབ་ཁྲིད་གནང་ཕྱོགས། བྱ་དགའ་དང་ཉེས་ཆད་ལ་བསྟེན་མི་དགོས་པའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས།
ཀ) ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར།
གྲོས་ཆོད།
༡། ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར། བཟང་སྤྱོད་ནི་སློབ་ཚན་གཅིག་གི་ངོ་བོ་ལྟ་བུ་མ་ཡིན་པར་སློབ་ཚན་ཡོངས་རྫོགས་དང་འབྲེལ་ནས་སློབ་ཁྲིད་གནང་རྒྱུ་དང་། སློབ་དེབ་བསླབས་པ་ཙམ་མིན་པར་ཉིན་རེའི་བྱ་གཞག་གི་ནང་དུ། སློབ་ཕྲུག་དང་ལས་བྱེད་སྒེར་སོ་སོས་ལག་ལེན་དངོས་ལ་འཁེལ་ཐབས་གནང་རྒྱུ།
༢། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཆེད་ཕྲུ་གུའི་གནས་ཚད་དང་འཛིན་གྲྭར་གཞིགས་པའི་བསླབ་གཞི་གཏན་འབེབས་གནང་རྒྱུ་དང་། སློབ་གྲྭ་ཁག་ཏུ་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་མེད་སར་བསྐོ་གཞག་བྱས་ཏེ། མཐུན་སྦྱོར་བས་གཙོ་འགན་བཞེས་ནས་དགེ་རྒན་རྣམ་པར་དུས་ནས་དུས་སུ་སློབ་ཁྲིད་གནང་རྒྱུ། དགེ་རྒན་ཚོས་སློབ་ཁྲིད་སྐབས་བྱེད་སྒོ་སྣ་ཚོགས་ལམ་ནས་སྤེལ་དགོས།
༣། བལ་ཡུལ་སློབ་ཁག་ཚང་མའི་ནང་དུ་སཱི་ཤེས་ཡོན་དང་། དེ་མིན་གྱི་ཟབ་སྦྱོང་མུ་མཐུད་གནང་རྒྱུ། ༤། སློབ་གྲྭའི་འགན་འཛིན་དང་ལས་བྱེད། སློབ་ཕྲུག་བཅས་ལ་བཟང་སྤྱོད་སློབ་སྤེལ་གནང་སྐབས་ནང་པའི་ཆོས་ནས་གསུངས་པའི་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག བློ་སྦྱོང་ཚིགས་བརྒྱད་མ་སོགས་སེམས་ཁམས་ཀྱི་རྣམ་གཞག་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་སོགས་གོ་རྟོགས་སྤེལ་རྒྱུ།
ཁ) སློབ་གྲྭ་ཟླ་སྒྲིལ་གྱི་ལམ་ནས་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏོང་ཐབས།
གྲོས་ཆོད།
༡། སློབ་གྲྭ་ཟླ་སྒྲིལ་ཐད་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྟོག་ཞིབ་དང་། སློབ་གྲྭ་ཟླ་སྒྲིལ་གཏོང་སྐབས་དགེ་རྒན་དང་ཕ་མ་ལ་དཀའ་ངལ་མི་ཡོང་ཆེད་སྔོན་ཚུད་ནས་གསལ་བསྒྲགས་གནང་དགོས་རྒྱུ།
༢། སློབ་གྲྭ་ཟླ་སྒྲིལ་སོགས་བྱུང་མཚམས་འཛིན་གྲྭ་སོ་སོའི་ནང་སློབ་ཕྲུག་གི་གྲངས་འབོར་གཏན་འབེབས་ཚད་གཞི་ལས་མ་བརྒལ་བ་གནང་རྒྱུ་དང་། ཟླ་སྒྲིལ་བྱུང་བའི་དགེ་རྒན་རྣམས་གང་ཐུབ་ཀྱིས་རང་ཉིད་ཀྱི་ཆེད་ལས་སློབ་ཚན་ཐོག་བསྐོ་གཞག་གནང་ཐབས་དགོས་རྒྱུ།
༣། བོད་ཕྲུག་རྒྱ་གར་གྱི་སློབ་གྲྭར་སློབ་འཇུག་བྱེད་པའི་ཕ་མ་རྣམས་ལ་སློབ་གསོ་དང་སྦྲགས་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་དང་མཐུན་རྐྱེན་ངོ་སྤྲོད་དང་། སློབ་གྲྭའི་ཤེས་ཡོན་གྱི་སྤུས་ཚད་མུ་མཐུད་ཡར་རྒྱས་གཏོང་དགོས།
༤། བོད་ཀྱི་སྐད་ཡིག་དང་ཆོས་རིག་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་ཞིབ་འཇུག་དང་ཚོགས་འདུ་རིམ་པས་ལམ་སྟོན་ཇི་གནང་ལ། སློབ་གྲྭ་ཁག་ནས་ལག་བསྟར་ཇི་བྱས་དང་གྲུབ་འབྲས་ཇི་སོན་ཐད་སློབ་གྲྭ་སོ་སོ་ནས་སྙན་ཐོ་བསྡུ་བཞེས་དགོས་རྒྱུ།
༥། ཆོད་གན་གྱི་ངོ་བོར་བསྐོ་གཞག་བྱས་པའི་དགེ་རྒན་རྣམས་གཏན་འཇགས་སུ་གང་མྱུར་བསྐོ་ཐབས་དང་། ཤེས་ཡོན་སྤུས་ཚད་ཡར་རྒྱས་ཡོང་བར་དགེ་རྒན་ཚད་ལྡན་བསྐོ་གཞག་གནང་དགོས་རྒྱུ།
༦། སློབ་ཕྲུག་ཚོའི་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏོང་ཐབས་སུ་དགེ་རྒན་རྣམས་ནས་དུས་ཚོད་འཕར་མ་བཏང་སྟེ་སློབ་ཕྲུག་མི་རེ་ངོ་རེའི་ཤེས་ཡོན་གྱི་གནས་ཚད་ལེགས་པར་ངོ་འཕྲོད་པར་བྱས་ཏེ། ཤེས་ཚད་ཞན་པ་རྣམས་ལ་ནང་མིའི་རྒྱབ་ལྗོངས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་མེད་ཤེས་རྟོགས་དགོས་རྒྱུ།
ག) བྱ་དགའ་དང་ཉེས་ཆད་ལ་བསྟེན་མི་དགོས་པའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས།
གྲོས་ཆོད།
༡། བྱ་དགའ་དང་ཉེས་ཆད་ལ་བསྟེན་མི་དགོས་པའི་ཤེས་ཡོན་སློབ་གསོ་དེ་བཞིན་དགེ་རྒན་དང་ལས་བྱེད། དམིགས་བསལ་གྱི་ཕ་མ་བཅས་ལ་ཟབ་སྦྱོང་དང་གོ་རྟོགས་སྤེལ་རྒྱུ།
༢། སློབ་གྲྭ་ཁག་གི་ནང་དུ་ཡིག་གཟུགས་དང་འབྲི་རྩོམ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ཨང་དང་གཉིས་སོགས་ཀྱི་བྱ་དགའ་གནང་མི་དགོས་པར། འཛུལ་ཞུགས་གནང་མཁན་ཚང་མར་ཆེ་བསྟོད་ཀྱི་ངོས་འཛིན་གནང་གལ་ཆེ་བ་དང་། གཙོ་ཆེར་སློབ་ཕྲུག་རྣམས་ལ་རང་དོན་རང་གཅེས་ཡིན་པ་དང། འགྲན་བསྡུར་དང་མཚུངས་བསྡུར་མེད་པར་སེམས་ཤུགས་སྐྱེད་བྱེད་ཀྱི་སློབ་གསོ་སོགས་འགྲེལ་བརྗོད་གང་ལེགས་གནང་རྒྱུ།
ང་) སློབ་མ་དབུས་བཞག་གི་སློབ་ཁྲིད་གནང་ཕྱོགས།
གྲོས་ཆོད།
༡། དགེ་རྒན་རྣམས་ལ་དེང་དུས་དང་མཐུན་པའི་སློབ་མ་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་དང་ལམ་སྟོན་སོགས་ངེས་པར་དུ་གནང་དགོས།
༢། སློབ་ཕྲུག་གི་ངོས་ནས་བསམ་འཆར་བསྡུ་རུབ་བྱས་ཏེ། དགེ་རྒན་གྱིས་སློབ་མའི་བསམ་འཆར་ལ་གཞིགས་པའི་སློབ་ཁྲིད་བྱ་རྒྱུ།
༣། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་འཐུས་གཙང་གནང་ཐབས་བྱ་རྒྱུ་དང་། སློབ་མ་དབུས་བཞག་གི་ཐབས་ལམ་ཁག་སློབ་གྲྭ་ཕན་ཚུན་མཉམ་སྤྱོད་གནང་རྒྱུ།
༤། སློབ་ཕྲུག་སོ་སོའི་མྱོང་བ་དངོས་དང་འབྲེལ་བའི་སློབ་ཚན་ཁག་ལ་ལས་འཆར་གང་མང་བཀོད་སྒྲིག་གནང་རྒྱུ།
གྲོས་གཞི་གཉིས་པ།
རང་རེའི་སློབ་གྲྭ་ཁག་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། འཆར་ཤེལ་ལྟ་ཡུན་(screen time) རིང་བའི་རྐྱེན་གྱིས་སློབ་ཕྲུག་གི་དོ་སྣང་ཇེ་ཞན་དུ་འགྲོ་བ། གཞན་ཡང་བརྡ་འཕྲིན་འཕྲུལ་ཆས་ཚད་ལས་བརྒལ་བ་ལྟ་ཀློག་གི་ཤུགས་རྐྱེན་ལ་བརྟེན་ནས་སློབ་སྦྱོང་གི་དཀའ་ངལ་བཅས་ལ་གདོང་ལེན་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡། རང་རེའི་སློབ་གྲྭ་ཁག་གི་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གནས་སྟངས་དུས་ཐོག་ཤེས་རྟོགས་སླད་ཆེད་ལས་པས་རྟོག་ཞིབ་དང་། དེ་འབྲེལ་ལས་གཞི་རྒྱ་བསྐྱེད། དམིགས་བསལ་དགོས་མཁོ་ཅན་གྱི་དགེ་རྒན་བསྐོ་གཞག་དང་གསོ་སྐྱོང་བཅས་གནང་ཐབས་དགོས་རྒྱུ།
༢། ཕྲུ་གུ་མངལ་དུ་འཁོར་བའི་གནས་སྐབས་ནས་ཕ་མའི་ཟས་སྤྱོད་བསྟེན་ཚུལ་ཐད་ཆེད་ལས་པའི་ལམ་སྟོན་དང་། དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་ཡོད་པའི་ཕ་མས་ཕྲུ་གུའི་གནས་སྟངས་སྔོན་ཚུད་ནས་ཤེས་པའི་ཐོག གསོ་སྐྱོང་བྱེད་ཕྱོགས་ཀྱི་ཐབས་ལམ་བསྟེན་དགོས་པ་དང་། དེ་དག་གི་ཆེད་དུ་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་གོ་རྟོགས་སྤེལ་རྒྱུ་དང་། ལམ་སྟོན་ཡིག་ཆ་བཟོ་རྒྱུ།
༣། མ་འོངས་པར་ཤེས་རིག་ཚོགས་ཆེན་དང་། དམིགས་བསལ་དགོས་མཁོ་ཅན་གྱི་གནད་དོན་དང་འབྲེལ་བའི་ཚོགས་འདུ་བསྐོང་ཚོགས་སྐབས་འབྲེལ་ཡོད་སྡེ་ཚན་སོ་སོའི་དགེ་ལས་མཉམ་ཞུགས་བྱེད་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ།
༤། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ནས་མཐུན་རྐྱེན་ཡོད་པ་དེ་དག་རག་ཐབས་སླད། སློབ་ཕྲུག་སོ་སོའི་ཕ་མས་རང་གི་ཕྲུ་གུའི་གནས་སྟངས་ཤེས་པའི་ཐོག་ནས་ཚད་ལྡན་སྨན་པའི་ལག་འཁྱེར་འཐོབ་ཐབས་བྱ་དགོས་པ། འཛིན་རིམ་བཅུ་པ་དང་། བཅུ་གཉིས་ཅན་གྱི་སློབ་གྲྭ་ཁག་ལ་གནང་བའི་གསལ་བསྒྲགས་དང་བཀོད་ཁྱབ་ནང་གསལ་ལྟར་སློབ་གྲྭ་སོ་སོ་ནས་ལག་བསྟར་ཡོང་བར་འབད་བརྩོན་གནང་དགོས།
༥། ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གིས་འཆར་ཤེལ་ལྟ་ཡུན་རིང་བའི་དཀའ་སེལ་དང་། དགེ་ལས་རྣམས་ནས་བརྡ་འཕྲིན་འཕྲུལ་ཆས་བེད་སྤྱོད་གཏོང་ཕྱོགས་ཐད་སློབ་སྡེ་སོ་སོར་བཀོད་ཁྱབ་དང་ལམ་སྟོན་གནང་རྒྱུ།
གྲོས་གཞི་གསུམ་པ།
སློབ་ཁྲིད་དང་སློབ་སྦྱོང་གི་བརྒྱུད་རིམ་ནང་བརྡ་འབྲེལ་འཕྲུལ་རིག་(Information and Communication Technology) ནུས་པ་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་ཕྱོགས་དང་། དཀའ་ངལ་ཇི་འཕྲད། དེ་བཞིན་སློབ་གྲྭ་དང་དགེ་རྒན་ཐུན་མོང་ནས་དེའི་ཐད་གདོང་ལེན་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡། སློབ་གྲྭ་ཁག་ལ་བརྡ་འབྲེལ་འཕྲུལ་རིག་གི་མཐུན་རྐྱེན་ཡར་རྒྱས་ཆེད། གློག་དང་། ཀམ་པུ་ཊར། སྤྱོད་བདེའི་བརྙན་འཕྲིན། དྲྭ་རྒྱ། དུས་བསྟུན་ཁ་སྐོང་དང་ཤུགས་ཚད་རིམ་སྤར། ཁལཽཌ། (Cloud) བརྙན་སྟོན་འཕྲུལ་ཆས། (Projector) དྲྭ་གནས། (Server) གློག་རྒྱུན་སྒྱུར་ཆས། (Inverter) ཉི་གློག་ (Solar Light) ཤོང་ཚད། (SSD) སོགས་ཀྱི་མཐུན་རྐྱེན་སྦྱོར་ཐབས་གནང་གལ།
༢། སློབ་ཁྲིད་བརྒྱུད་རིམ་ནང་བརྡ་འབྲེལ་འཕྲུལ་རིག་དང་འབྲེལ་བའི་ཐད་འབྲེལ་ཡོད་དགེ་རྒན་ལ་ཆེད་ལས་པས་ཟབ་སྦྱོང་གོ་རྟོགས་སྤེལ་ཐབས་དང་། ལག་བསྟར་སྐབས་དཀའ་ངལ་ཇི་འཕྲད་དྲྭ་ཐོག་ནས་བསམ་འཆར་འགེངས་ཤོག་བསྡུ་རུབ་བྱས་ཏེ་དེ་འབྲེལ་གོ་རྟོགས་ཟབ་སྦྱོང་གནང་གལ་ཆེ།
༣། ཤེས་རིག་ལས་ཁུངས་ནས་བརྡ་འབྲེལ་འཕྲུལ་རིག་གི་ལས་གཞི་ཚགས་ཚུད་འགྲོ་བཞིན་པ་དེ། སློབ་གྲྭ་ཡོངས་ལ་ཕྱག་བསྟར་འཐུས་ཚང་གནང་གལ།
༤། སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་བརྡ་འབྲེལ་འཕྲུལ་རིག་ ICT བེད་སྤྱོད་ཚད་ལྡན་ཡོང་སླད་ G-SUITE གློག་འཕྲིན་ཁ་བྱང་གཅིག་གྱུར་བཟོས་ཏེ་སློབ་གྲྭ་ཁག་ཏུ་མཁོ་སྤྲོད་གནང་རྒྱུ་གལ་ཆེ།
༥། ཤེས་རིག་ལས་ཁུངས་ནས་ཀམ་པུ་ཊར་དགེ་རྒན་གཙོས་སློབ་ཚན་བྱེ་བྲག་པའི་དགེ་རྒན་ཕན་ཚུན་དབར་བརྡ་འཕྲིན་འཕྲུལ་རིག་སྐོར་གོ་བསྡུར་སྦྱངས་བཤད་དང་། གོ་རྟོགས་སྤེལ་སའི་གླེང་སྟེགས་སྐྲུན་ཐབས་གནང་གལ།
གྲོས་གཞི་བཞི་པ།
༤.༡། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་ཀྱིས་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལ་ཁ་གཏད་དང་། བཙན་བྱོལ་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས།
སྔོན་གླེང་།
རྒྱ་གཞུང་གིས་བོད་དུ་འཛིན་པའི་སྲིད་བྱུས་ཡོད་ཚད་བོད་མིའི་མངོན་འདོད་དང་མི་མཚུངས་པ་ཤ་སྟག་ཡིན་པར་མ་ཟད། ལྷག་པར་དུ་བོད་དུ་འཛིན་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་དེ་བཞིན་རྒྱ་ནག་དམར་པོའི་ལྟ་སྤྱོད་བཙན་ཐབས་སུ་སྤེལ་རྒྱུའི་ལག་ཆར་སྤྱད་དེ། བོད་ཕྲུག་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭའི་ནང་བཙན་བཅུག་ཐོག སོ་སོའི་ཕ་མ་དང་། ཕ་མེས་ཀྱི་སྐད་ཡིག རིག་གཞུང་བཅས་ལས་ཁ་བྲལ་དུ་གཏོང་བཞིན་པ་དང་། སློབ་ཁྲིད་ཀྱི་བརྒྱུད་ལམ་རྒྱ་ཡིག་ཏུ་བསྒྱུར་པ་སོགས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་ཐབས་བྱས་དང་བྱེད་བཞིན་པ་དང་། ཉེ་བའི་ཆར་སློབ་འབྲིང་དང་མཐོ་རྒྱུགས་ལ་བོད་ཀྱི་སྐད་ཡིག་ཡིག་རྒྱུགས་གཏོང་མིན་གྱི་གདམ་ཀ་བྱས་ཆོག་པའི་འཆར་གཞི་བསྒྲིགས་ཏེ། བོད་ཕྲུག་རྣམས་ལ་མཐོ་རིམ་སློབ་སྦྱོང་དང་ལས་ཞུགས་ཀྱི་གོ་སྐབས་དང་ཐོབ་ཐང་མེད་པར་བཟོ་བ་དང་། སོ་སོའི་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་མི་ཐུབ་པ་བཟོ་ཐབས་བྱེད་པ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཉེན་ཚབས་ཅན་གྱི་བྱ་སྤྱོད་ཅིག་ཡིན་པས། ཚོགས་ཆེན་འདི་བརྒྱུད་ནས་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།
བཙན་བྱོལ་དུ་ཡོད་པའི་བོད་མིའི་མི་འབོར་ནི་གཞིས་བྱེས་བོད་མིའི་བསྡོམས་འབོར་གྱི་ཆ་ཤས་ཧ་ཅང་ཉུང་ངུ་ལས་ཟིན་གྱི་མེད་ནའང་། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་དང་། མགོན་པོ་མཆོག་གི་དུས་གསུམ་གསལ་གཟིགས་ཀྱི་དགོངས་གཞིའི་བྱིན་མཐུ་ལས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་སོན་ཡོད་ཅིང་། བོད་ནང་བོད་མིའི་དགོས་མཁོ་དང་འཚམ་པའི་སློབ་གཉེར་གྱི་གོ་སྐབས་མ་ཐོབ་པར་བཙན་བྱོལ་དུ་ཡོང་བའི་རྗེས་འབྱོར་བ་གདན་ས་གྲྭ་ཚང་དུ་ཆོས་ཞུགས་བྱེད་མཁན་ ༢༧༠༨༣ དང་། སློབ་གྲྭ་ཁག་ཏུ་འཛུལ་ཞུགས་བྱེད་མཁན་བོད་ཕྲུག་ ༣༤༨༦༦ ལ་གནའ་དེང་ཤེས་ཡོན་སློབ་གཉེར་གྱི་གོ་སྐབས་བསྐྲུན་ཐུབ་ཡོད་ལ། བཙན་བྱོལ་དུ་སྐྱེས་པའི་བོད་ཕྲུག་བརྒྱ་ཆ་ ༡༠༠ ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་གཉེར་ཆེད་སློབ་ཞུགས་ཀྱི་གོ་སྐབས་དང་། བོད་མི་རྒན་གཞོན་ཀུན་གྱིས་བོད་ཀྱི་སྐད་ཡིག་དང་། ཆོས་རིག་ལ་སློབ་སྦྱོང་དང་། བཀོལ་སྤྱོད་རྒྱ་ཆེར་བྱེད་རྒྱུར་ཐོབ་ཐང་དང་མཐུན་རྐྱེན་རང་དབང་ཅན་གྱི་རྒྱལ་ཁབ་ལས་ལྷག་པར་སྦྱར་ཐུབ་ཡོད།
རང་དབང་ལུང་པའི་ནང་གནས་སྡོད་བྱེད་མཁན་བོད་མི་ཡོད་དོ་ཅོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་དུ་བཅངས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་འགྱུར་བ་མེད་པའི་ཆོད་སེམས་དང་སྙིང་སྟོབས་དྲན་པར་བྱས་ནས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་གཅེས་འཛིན་དང་དར་སྤེལ་སྔར་ལྷག་བཏང་སྟེ། འཛམ་གླིང་གི་ཁྱད་ནོར་སྲུང་སྐྱོབ་དང་། ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཡོང་རྒྱུར་འབད་འབུངས་སྔར་ལྷག་བྱེད་རྒྱུུའི་འབོད་སྐུལ་ཞུ་རྒྱུ་ཡིན།
གྲོས་ཆོད།
༡། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་སྲིད་བྱུས་ལ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང་། དེ་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་རྒྱུ།
༢། རྒྱ་གཞུང་གི་ད་ལྟའི་སྲིད་བྱུས་ངན་པ་དེ་ཉིད་འཕྲལ་དུ་མཚམས་འཇོག་བྱ་རྒྱུར་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཞུ་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་བྱས་པ་ལ་བརྟེན་ནས་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་བའི་གནོད་སྐྱོན་སོགས་ཁ་གསལ་དང་གོ་རྟོགས་སྤེལ་ཆེད་འགུལ་བརྙན་གང་མང་བཟོ་བསྐྲུན་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་བྱུང་བ་ཁག་སློབ་གྲྭ་སོ་སོས་གལ་ཆེ་དོན་ཆེར་བརྩིས་ཏེ་སློབ་ཕྲུག་ཚོར་འབྲེལ་ཡོད་གསར་འགྱུར་དང་བརྙན་ཐུང་རིགས་གང་མང་སྟོན་གལ་ཆེ།
༣། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ལས་ཡོངས་དང་། སློབ་གྲྭའི་འགན་འཛིན། བོད་རིགས་དགེ་རྒན་ཡོད་དོ་ཅོག་ནས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རྩ་ཆེའི་རིག་གཞུང་ལ་ཆེ་མཐོང་དགོས་པའི་འབོད་སྐུལ་དང་། བོད་ཡིག་བཀོལ་སྤྱོད་གང་མང་གནང་ཕྱོགས་དང་། ལྷག་པར་དུ་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཚོ་ལ་བོད་ཡིག་འབྲི་ཀློག་གི་ལས་རིམ་སྤེལ་ཐབས་གནང་གལ།
༤། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱལ་རབས་ལོ་རྒྱུས་ཐོག་ཆེད་ལས་མཁས་དབང་རྣམས་ལ་མཐུན་འགྱུར་ཞུས་ཏེ་ཤེས་ཡོན་གྱི་སྡེ་ཁག་ལ་བཀའ་སློབ་ལམ་སྟོན་གྱི་ལས་རིམ་བཀོད་སྒྲིག་གནང་དགོས་པ་དང་། རིགས་ལམ་འདུ་འཛོམས་སོགས་ལ་སློབ་ཕྲུག་གི་གྲངས་འབོར་ངེས་པར་དུ་སྤར་ཆ་དགོས།
༥། ཕྱི་དྲིལ་འགྲེམས་སྟོན་ཚན་པ་ནས་སློབ་གྲྭ་ཁག་ལ་བོད་ཀྱི་ལོ་རྒྱུས་དང་མཁས་དབང་ཁག་གི་པར་རིས་འགྲེམས་སྟོན་གནང་དགོས་རྒྱུ།
༦། བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག རྒྱལ་རབས་སོགས་ལ་སློབ་སྦྱོོང་གང་ཐུབ་བྱས་ཏེ་རྒྱལ་ཞེན་སྐྲུན་ཐབས་བྱ་རྒྱུ།
༧། རང་རེའི་སློབ་ཕྲུག་རྣམས་ལ་འཛིན་རིམ་བཅུ་གཉིས་ཐོན་སྐབས་བོད་ཀྱི་སྐད་ཡིག་མུ་མཐུད་སྦྱང་བརྩོན་ཡོང་ཐབས་སུ་སློབ་གྲྭ་ཁག་ཏུ་མདུན་ལམ་སློབ་སྟོན་པ་སྐོར་བསྐྱོད་ཀྱིས་བོད་ཡིག་སྦྱང་སའི་མཐོ་སློབ་ཁག་ངོ་སྤྲོད་གནང་རྒྱུ་དང་། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་རིག་ཚན་གཞན་ལའང་སློབ་སྦྱོང་བྱེད་ས་ཡོད་ཐོག་རྒྱ་གར་གཞུང་གི་ངོས་འཛིན་ཡང་ཡོད་པས་དེ་འབྲེལ་གོ་རྟོགས་སྤེལ་རྒྱུ། གཞན་ཡང་མཐོ་སློབ་འགྲིམ་བཞིན་པ་རྣམས་ལ་དམིགས་བསལ་གྱིས་དུས་ཐུང་བོད་ཡིག་ཆེད་སྦྱོང་གི་མཐུན་རྐྱེན་བསྐྲུན་གལ་ཆེ།
༨། སློབ་གྲྭ་ཁག་ལ་བོད་ཡིག་དགེ་རྒན་སྤུས་ཚད་ལྡན་པ་དགོས་གལ་ཆེ་ཞིང་། དུས་ནས་དུས་སུ་སློབ་འཁྲིད་ཞིབ་འཇུག་གནང་གལ་ཆེ་བ་དང་། དམིགས་བསལ་གཞི་རིམ་འོག་མའི་བོད་ཡིག་དགེ་རྒན་ཤེས་ཚད་ལྡན་པ་བསྐོ་གཞག་གནང་གལ་ཆེ།
༩། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་རྣམས་ཀྱི་ཆེད་རྒྱ་གར་ལུང་པའི་ནང་དུ་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་གལ་ཆེ།
༡༠། མི་རིགས་ཀྱི་ངོ་བོ་དང་འདུ་ཤེས་གོང་འཕེལ་གཏོང་ཐབས་སུ་སློབ་ཕྲུག་རྣམས་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་རིགས་གང་མང་པར་སྐྲུན་དགོས་གལ།
༡༡། བོད་པའི་སློབ་གྲྭ་ཁག་ཏུ་རིག་གཞུང་འདུ་འཛོམས་ཀྱི་མཛད་རིམ་གོ་སྒྲིག་འདི་བཞིན་མུ་མཐུད་ནས་སྤེལ་གལ་ཆེ་བ་དང་། རིག་གཞུང་འདུ་འཛོམས་སྐབས་ཨིན་སྐད་དང་བོད་སྐད་གཉིས་ཀྱི་བརྗོད་གཞི་གཅིག་པ་མིན་པར་སོ་སོར་ཡོད་ཚེ་དགེ་མཚན་ཆེ།
༡༢། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཚང་མས་སྐད་ཡིག་སྲུང་སྐྱོབ་ཆེད་ཕན་ཚུན་བཀོད་ཁྱབ་དང་ཁ་ཡིག་སོགས་ཡིག་འབྲེལ་ཆ་ཚང་བོད་ཡིག་ཐོག་འབྲི་གཏོང་གནང་དགོས་རྒྱུ།
༡༣། བོད་ཀྱི་སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་ཆེད་རྒྱུན་དུ་བོད་མི་ནང་ཁུལ་དང་། ལྷག་པར་དུ་དགེ་ལས་སློབ་ཕྲུག་རྣམས་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཚད་ལྡན་བྱེད་པར་ལམ་སྟོན་གནང་རྒྱུ། དགེ་ལས་སློབ་ཕྲུག་ཚང་མས་རྒྱུན་སྤྱོད་ཡིག་རིགས་རྣམས་བོད་ཡིག་ཐོག་འབྲི་རྒྱུ།
༡༤། ད་ལྟའི་སྐབས་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཆེད་ལས་རིམ་འདྲ་མིན་བརྒྱུད་འབད་བརྩོན་གནང་མུས་ཀྱང་། ད་དུང་ཡར་རྒྱས་ཡོང་ཆེད་སློབ་གྲྭ་ཁག་ནས་འཛིན་གྲྭ་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ལ་དམིགས་ཚད་ཟིན་པའི་ཐོག་བོད་ཡིག་འབྲི་ཀློག་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་རྒྱུ།
༤.༢། དགེ་རྒན་གྱི་ངོས་འཛིན་དང་མཚན་མཐོང་དང་འབྲེལ། བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་ཕྱོགས་བཅས་ཇི་དགེའི་སྐོར།
སྔོན་གླེང་།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཟམ་གདོང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་བོད་མདོ་ཁམས་འཇོལ་ནགས་འབྲུག་ཏུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་དང་། ཕྱི་ལོ་ ༡༩༦༠ ལོར་དྷ་སར་བཀའ་འགུགས་གནང་བ་བཞིན་ཕེབས་ཏེ་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ཞབས་སྣེར་ཞུགས་ནས་ཌལ་ཧོར་གདན་གསུམ་གྱི་དགེ་འདུན་པ་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་གནང་། ཕྱི་ལོ་ ༡༩༦༡ ཟླ་ ༡༠ པ་ནས་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ། ཕྱི་ལོ་ ༡༩༦༣ ལོར་སིམ་ལ་གཏན་སློབ་ཀྱི་སློབ་སྤྱིའི་ལས་ཚབ། ཕྱི་ལོ་ ༡༩༦༤ ལོར་རྡོར་གླིང་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ། ཕྱི་ལོ་ ༡༩༦༥ ནས་ ༡༩༧༠ ལོ་མཇུག་བར་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱིའི་མཛད་ཁུར་བཞེས། ཕྱི་ལོ་ ༡༩༧༡ ནས་ ༡༩༧༧ བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་། ཕྱི་ལོ་ ༡༩༧༧ ནས་ ༡༩༨༨ བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ངེས་སྟོན་པ་གཅིག་ལྕོགས། ཕྱི་ལོ་ ༡༩༨༨ ནས་ ༢༠༠༠ ལོ་མཇུག་བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་རྒྱ་གར་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་ (Indian Council of Philosophical Research) ཀྱི་རྒྱལ་ཡོངས་སློབ་སྟོན་པའི་ (National Lectureship) མཚན་གནས་འབུལ་བཞེས་དང་། རྒྱ་གར་གྱི་གཙུག་ལག་སློབ་ཁང་ལྷན་ཚོགས་ (Association of Indian Universities) ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལས་རྒྱུན་ཐེངས་དྲུག་དང་། དེ་རྗེས་ཚོགས་གཞོན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ། རྒྱ་གར་དབུས་གཞུང་གི་མཁས་དབང་སློབ་སྟོན་ལྷན་ཚོགས་ (Expert Advisory Committee, Ministry of Culture, Govt. of India) ཀྱི་ཚོགས་མི་སོགས་ཀྱི་ཐུགས་འགན་རིམ་པར་བཞེས།
ཕྱི་ལོ་ ༡༩༨༥ ལོའི་ཟླ་ ༦ ཚེས་ ༢༤ ནས་ ༢༦ བར་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷན་ཚོགས་བསྐྱངས་ཤིང། སྐབས་དེར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཤེས་ཡོན་གྱི་དམིགས་ཡུལ་ནི་ཤེས་བྱ་ཡོན་ཏན་ཚད་ལོངས་འབྱུང་ཐབས་ཁོ་ན་ཙམ་མ་ཡིན་པར་གཙོ་ཆེ་ཕྲུ་གུའི་གཤིས་རྒྱུད་ཐོག་གནད་སྨིན་སྒོ་གསུམ་ཡ་རབས་སྤྱོད་བཟང་ཚུལ་མཐུན་བག་ཡོད་ཐོག སྤྱི་སྒེར་ནམ་འཕང་ཆོད་པའི་འཕྲལ་ཡུན་སྨན་ངེས་ཡོང་ཐབས་གཡོ་འགུལ་བཟོ་བཀོད་དོན་ཚང་ཐུབ་པའི་རྩ་དོན་བསྒྲུབ་བྱ་གལ་ཆེ་ཞིག་ཡིན་ཅིང༌། དེ་ཡང་ཤེས་ཡོན་ལམ་སྲོལ་ཚད་མཐོའི་མིག་དཔེ་ཡར་ལྟོས་བྱེད་ཡུལ་ནུབ་ཕྱོགས་པ་ཚད་མར་ངོས་འཛིན་བྱེད་མུས་ཀྱང༌། ནུབ་ཕྱོགས་པ་མཁས་པ་ཉམས་ཞིབ་པ་ཇི་སྙེད་ཅིག་ནས་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ནས་ལེགས་ཆ་མཁོ་སྒྲུབ་སྤེལ་ཐབས་བྱེད་བཞིན་པར་བརྟེན། རང་རེའི་རིག་གཞུང་ནང་དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཤེས་བྱ་རིག་གནས་གནའ་སྲོལ་ཤེས་ཡོན་སློབ་སྤེལ་བྱ་ཕྱོགས་ཁྱད་ནོར་རྣམས་གཅེས་སྐྱོང་བདག་འཛིན་ཐུབ་པ་བྱ་གལ་གཞི་རྩར་བཟུང་སྟེ། ཕྱིའི་རིག་གནས་ནས་ལེགས་ཆེའི་དགེ་མཚན་ཇི་ཡོད་བསྡུ་ལེན་དང་འབྲེལ་སྤྱི་སྲོལ་བོད་ཀྱི་ཤེས་རིག་ལམ་ལུགས་སམ་ལྟ་བ་ཇི་ཡིན་བཟོ་འགོད་དང་འབྲེལ་ལམ་ལུགས་གསར་གཏོད་གནང་རྒྱུ་ཐུགས་གལ་ཆེ་བའི་སྐོར་ཡིག་ཐོག་དགོངས་འཆར་གནང་བ་དང་། ཚོགས་ཡོངས་སུ་ཞིབ་ཆའི་གནད་བཀྲོལ་གསལ་གསུངས་གནང་བར། དགོངས་འཆར་ཁག་དོན་ཚང་ལེགས་ཚོགས་གང་ཆེ་མངོན་པ་འདི་དག་འཕྲལ་ཕུགས་དོན་གལ་ཆེ་བར་བརྟེན། གོང་གསལ་མ་ཟིན་དེ་ཉིད་སློབ་གྲྭ་ཁག་གིས་གཙོས་འབྲེལ་ཡོད་ཕྱི་ནང་མི་སྣ་ཁག་ལ་བསྐྱར་འགྲེམས་བསམ་འཆར་བསྡུ་བཞེས་ཕྱིར་འབུལ་བྱུང་མཚམས་མཁས་པའི་ཚོགས་ཆུང་ཟུར་འཛུགས་གནང་རྒྱུའི་ཐུགས་གཏན་ཁེལ།
ཕྱི་ལོ་ ༢༠༠༡ ལོར་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་མ་ཐག་རིང་ནས་སྙིང་དུ་བརྣགས་པའི་བོད་མིའི་ཤེས་ཡོན་གྱི་ལམ་སྲོལ་ཚད་ལྡན་ཞིག་བཏོད་རྒྱུར་ཐུགས་འགན་ཆེ་བཞེས་གནང་། ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ནས་ ༤ བར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་མ་འོངས་བོད་དུ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་དང་། བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམ་པ་ཞིག་ཡོང་བ་ལ་ཡན་ལག་གང་དང་གང་ཚང་དགོས་པའི་སྐོར་ཞིབ་པར་གསལ་བའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་ངོ་སྤྲོད་ཀྱིས། བགྲོ་གླེང་དང་དྲི་བ་དྲིས་ལན་ཞིབ་རྒྱས་བྱུང་རྗེས་ཚོགས་ཕེབས་པ་ཡོངས་ནས་སྤྱི་མོས་རྒྱབ་སྐྱོར་བྱུང་། དེ་རྗེས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་དང་། མཁས་པའི་བགྲོ་གླེང་ཚོགས་འདུ་བསྡུ་བསྐོང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བཅས་ཀྱི་ཐོག་ཕྱི་ལོ་ ༢༠༠༤ ཟླ་ ༦ པའི་ནང་དེང་རབས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གནང་སྟེ། ཤེས་ཡོན་སྲིད་བྱུས་ཡིག་ཆ་གཏན་འབེབས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྤྱན་ཞུར་བསྟར། ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཚོགས་དུས་བརྒྱད་པར་གཏན་འབེབས་གནང་སླད་འབུལ་ལམ་ཞུས་པར། སྤྱི་མོས་ཀྱིས་གཏན་ལ་ཕབ་སྟེ། གལ་ཆེའི་སྲིད་བྱུས་ཀྱི་རྩ་འཛིན་ཡིག་ཆ་ཞིག་ཏུ་བསྒྱུར།
མདོར་ན་སློབ་དཔོན་ཆེན་མོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཞི་རིམ་སློབ་ཁག་གི་བོད་དགེ་དང་། ཆོས་དགེ སློབ་སྤྱི། དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་དང་། ངེས་སྟོན་པ་བཅས་ལོ་ངོ་ ༤༠ ལྷག་གི་རིང་ཤེས་ཡོན་ཐོག་མཛད་ཁུར་བཞེས་པ་དང་། བཀའ་བློན་ཁྲི་པར་འཁོད་མ་ཐག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཀྱིས་འབྱུང་འགྱུར་མི་རབས་རྣམས་རྣམ་དཔྱོད་དང་བཟང་སྤྱོད་གཉིས་ལྡན་དང་། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བསྒྱུར་བར་མཛད་པ་སོགས་བོད་ཀྱི་ཤེས་ཡོན་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་ཡོད།
གྲོས་ཆོད།
༡། བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས། བཙན་བྱོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནའ་དེང་གི་ཤེས་ཡོན་གལ་ཆེར་དགོངས་ཏེ་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བ་སོགས་དུས་གསུམ་གསལ་གཟིགས་ཀྱི་དགོངས་གཞི་ཟབ་མོའི་འོག་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་འབྱུང་འགྱུར་མི་རབས་རྣམས་རྣམ་དཔྱོད་དང་བཟང་སྤྱོད་གཉིས་ལྡན་དང་། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བསྒྱུར་བའི་སྲིད་བྱུས་གཏན་འབེབས་མཛད་པ་སོགས་བོད་ཀྱི་ཤེས་ཡོན་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་པར་བརྟེན། ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ སྟེ་སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་དུས་ཚེས་ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུ་རྒྱུ།
༢། དགེ་རྒན་ལ་གསོལ་ཕོགས་ཀྱིས་གཙོས་དེ་མིན་གྱི་མཐུན་རྐྱེན་ཁག་ཚད་དང་ལྡན་པ་སྦྱོར་ཐབས་གནང་དགོས་རྒྱུ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཚོགས་སྐབས་དགེ་རྒན་ལ་ཆེ་མཐོང་ཡོང་ཆེད་ཞབས་བཀྱག་དམིགས་བསལ་གནང་དགོས།
༣། དགེ་རྒན་གྱི་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་ལ་དམིགས་བསལ་གྱིས་ལེགས་གསོལ་བྱ་དགའ་དང་ཕྱག་འཁྱེར་གནང་རྒྱུ་དང་། དེ་ཡང་གཞུང་འབྲེལ་མཛད་སྒོའི་སྐབས་འབུལ་གནང་དགོས་གལ་ཆེ།
༤། བོད་སློབ་ཁག་ནང་དགེ་རྒན་ཚད་ལྡན་དང་ཉམས་མྱོང་ཡོད་པ་རྣམས་སློབ་གྲྭར་མུ་མཐུད་གནས་པར་མཐུན་རྐྱེན་ལའང་རག་ལས་པས། དགེ་རྒན་རྣམས་ལ་གླ་ཕོགས་དང་། བགྲེས་ཡོལ་དུ་ཕེབས་སྐབས་བགྲེས་ཤག་གི་ཐོབ་ཐང་། བགྲེས་ཤག་མེད་རིགས་ལ་སྡོད་ཁང་གི་མཐུན་རྐྱེན། སྨན་བཅོས་མཐུན་རྐྱེན་སོགས་དགོངས་བཞེས་གནང་གལ།
༥། གཏན་འཇགས་སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད་རྣམས་ལ་ལས་ཤག་གི་མཐུན་རྐྱེན་ཡོད་ན། སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་དང་སྒོ་གསུམ་ཀུན་སྤྱོད་ཐོག་དུས་ཚོད་འཕར་མ་གཏོང་ཐུབ་པའི་དགེ་མཚན་ཆེ།
༦། སློབ་ཕྲུག་གི་ཤེས་ཡོན་སྤུས་ཚད་ཡར་རྒྱས་དང་། དགེ་རྒན་རང་ཉིད་ཀྱི་ཆེད་ལས་གོང་འཕེལ་གཏོང་བར་དུས་ཚོད་བློས་གཏོང་དང་། ལྷག་བསམ་ཆེར་བསྐྱེད་གནང་དགོས་པ་དང་། སློབ་གྲྭ་སོ་སོའི་ནང་དུ་དགེ་རྒན་ཉམས་མྱོང་ཅན་རྣམས་ཀྱིས་དགེ་རྒན་གསར་པ་རྣམས་ལ་སྐབས་བསྟུན་གྱིས་ཉམས་མྱོང་སྤེལ་རེས་ཀྱི་སློབ་སྟོན་གོ་སྒྲིག་གནང་གལ།
སྤྱི་སྨན་དགོངས་འཆར།
༡། འགན་འཛིན་དང་ལས་བྱེད་རྣམས་ཀྱི་སྒོ་གསུམ་གྱི་སྤྱོད་པ་གང་ལེགས་དགོས་ཤིང་། སློབ་མ་རྣམས་ལ་མིག་དཔེ་བཟང་པོ་སྟོན་ཐུབ་པ་ཞིག་ངེས་པར་དུ་དགོས་གལ་ཆེ།
༢། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་བཞིན་སློབ་གྲྭ་ཙམ་དུ་མ་ཡིན་པར་སློབ་ཕྲུག་གི་ཕ་མ་དང་། སྤྱི་ཚོགས་ནང་ལ་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་བྱ་གལ་ཆེ།
༣། རིགས་ལམ་གྱིས་སློབ་ཕྲུག་གི་གདེང་སྤོབས་དང་རིག་ནུས་གོང་འཕེལ་ཡོང་གི་ཡོད་སྟབས། རིགས་ལམ་བརྒྱུད་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏོང་ཐབས་དགོས་གལ་ཆེ་བ་དང་། སློབ་གྲྭའི་ནང་ཐ་སྙད་བཀོལ་སྤྱོད་ཚོགས་ཆུང་ཟུར་དུ་བཙུགས་ན་སློབ་ཕྲུག་སྤྱི་ཡོངས་ལ་ཕན་ཐོགས་ཆེ།
༤། སྔོན་འགྲོའི་ཕྲུ་གུའི་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏོང་ཐབས་སུ། དགེ་རྒན་ལས་རོགས་བསྐོ་གཞག་གནང་ཐུབ་ན་ཕན་ཐོགས་ཆེ། སློབ་ཕྲུག་སོ་སོའི་མྱོང་བ་དངོས་དང་འབྲེལ་བའི་སློབ་ཚན་ཁག་ལ་ལས་འཆར་གང་མང་བཀོད་སྒྲིག་གནང་གལ་ཆེ།
༥། བོད་སློབ་ཁག་ནང་ལམ་སྟོན་ཚོགས་ཆུང་ངམ། སྒྲིག་འཛུགས་ཚོགས་ཆུང་གི་སྡེ་ཚན་ཞིག་ཡོད་བཞིན་པ་དེས་ཉེས་ཆད་དང་། ཉེས་རྡུང་། ཚིག་རྩུབ་སོགས་མ་ཡིན་པར་སློབ་གསོའི་རྣམ་པའི་ཐོག་ནས་ཡར་རྒྱས་ཡོང་ཐབས་གནང་གལ།
༦། ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་བཞིན་སློབ་གྲྭ་ཁག་གི་ནང་སྒྱུ་རྩལ་སྣ་མང་སློབ་ཚན་ (Multiskill) སློབ་བཞིན་ཡོད་པས་སློབ་ཚན་དེ་དག་གི་དགེ་རྒན་བསྐོ་གཞག་བྱེད་ཐུབ་ན་ཕན་ཐོགས་ཆེ།
༧། སློབ་གྲྭ་ཟླ་སྒྲིལ་གནང་སྐབས་དགེ་རྒན་ལས་བགོས་མ་ཐུབ་པ་རྣམས་ལ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་དང་འབྲེལ་བའི་དུས་ཐུང་གི་ཆེད་ལས་ཟབ་སྦྱོང་སྤྲད་དེ་ལས་སྒོར་ཞུགས་ཐུབ་པ་གནང་དགོས་པ་དང་། བོད་པའི་སྤྱི་ཚོགས་ནང་ད་ལྟ་ཡོད་བཞིན་པའི་དམིགས་བསལ་དགོས་མཁོ་ཅན་གྱི་ཆེད་ལས་པ་རྩད་གཅོད་དང་ངོས་འཛིན་ཐུབ་པ་བྱེད་དགོས། དཔེར་ན། (Physical Therapist) (Psychiatrist) (Occupational Therapist) (Audio and Speech Therapist) ལྟ་བུ།
༨། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་དཀའ་ངལ་ལ་ཚང་མས་བསམ་ཤེས་ཀྱིས་རྒྱབ་སྐྱོར་དང་། དབྱེ་འབྱེད་མེད་པ་གནང་གལ་དང་། ཕ་མས་ཕྲུ་གུའི་སྐྱེས་སྐར་དང་རྒྱུགས་འབྲས་ལེགས་གསོལ་སོགས་ཀྱི་བྱ་དགར་ལག་ཐོགས་ཁ་པར་སྤྲོད་བཞིན་པ་ལ་ལམ་སྟོན་གནང་གལ།
༩། སློབ་ཁག་སོ་སོའི་འཛིན་སྐྱོང་གི་ངོས་ནས་འགན་ཁུར་བཞེས་ཏེ་འཛིན་གྲྭ་དང་ཚོགས་ཐེངས་ཀྱི་དུས་སུ་ལག་ཐོགས་ཁ་པར་བསྣམ་མི་ཆོག་པ་བཟོ་གལ་ཆེ།
༡༠། སློབ་ཕྲུག་རྣམས་ཀྱི་འཆར་ཤེལ་ལྟ་ཡུན་འགོག་ཐབས་ཆེད་བྱིས་པར་རྩེད་རའི་མཐུན་རྐྱེན་དང་། གཞིས་ཆགས་ཁག་ནང་ཕ་མ་དང་ཕྲུ་གུ་གཉིས་ཀས་སྤྱོད་ཆོག་པའི་སྤྱི་གླིང་གི་མཐུན་རྐྱེན་སྐྲུན་ཐབས་གནང་གལ་ཆེ།
༡༡། ཤེས་རིག་ལས་ཁུངས་ཀྱིས་བོད་པའི་སློབ་སྡེ་ཁག་གི་བོད་ཡིག་རྨང་གཞིའམ་མ་མཐའི་ཤེས་ཚད་རྒྱུས་ལོན་ཆེད་སྤྱི་ཁྱབ་ཀྱི་ཡིག་རྒྱུགས་གཏོང་དགོས་རྒྱུ།
༡༢། སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་གྱིས་རིག་ཚན་གཞན་གྱི་དགེ་རྒན་དང་མང་ཚོགས་ཁྲོད་བོད་ཡིག་སློབ་ཁྲིད་ཀྱི་ལས་རིམ་བཀོད་སྒྲིག་དགོས་གལ།
༡༣། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་སྤྱི་ཡོངས་ནང་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་ངེས་པར་དུ་གནང་དགོས་པའི་ལམ་སྟོན་གནང་དགོས་པ་དང་། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཨང་རྩིས་དང། ཚན་རིག སྤྱི་ཚོགས་ཚན་རིག་བཅས་སློབ་ཚན་གསུམ་པོ་བོད་སྐད་ཀྱི་ཐོག་ནས་སློབ་ཁྲིད་གནང་ཐུབ་ཚེ། སློབ་མས་གོ་སླ་བ་དང་ངེས་ཤེས་རྙེད་ཐུབ་པའི་ཕན་ཐོགས་ཡོང་ངེས།
༡༤། བོད་པའི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་ཐོག་སློབ་སྡེ་ཁག་ལ་ལས་འཆར་སྤེལ་དགོས།
༡༥། སྐད་ཡིག་སྲུང་སྐྱོབ་སླད་གཞིས་ཆགས་ཁག་ནང་རྒན་རབས་རྣམས་ལ་བོད་ཡིག་འབྲི་ཀློག་ཤེས་ཐབས་སུ་གཞུང་འབྲེལ་དང་ཚོགས་པ་ཁག་ནས་ལས་འགུལ་སྤེལ་གལ།
༡༦། སློབ་གྲྭའི་ནང་སློབ་གྲྭའི་འགན་འཛིན་གྱི་རྒྱབ་སྐྱོར་འོག་ལྷ་གཞུང་འཁྲབ་སྟོན་རིགས་གནང་ཐུབ་ན་དགེ་མཚན་ཆེ།
༡༧། སློབ་གྲྭ་ཁག་ནང་བོད་པའི་དགེ་རྒན་མང་བ་བསྐོ་གཞག་གནང་ཐུབ་ན་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་དགེ་མཚན་ཆེ་བ་དང་། དགེ་རྒན་ཡོངས་ནས་བཙན་བྱོལ་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་བོད་ལྗོངས་ང་ཚོའི་ཕ་ཡུལ་སོགས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་བྱེད་སྒོ་མང་ཙམ་སྤེལ་ན་དགེ་མཚན་ཆེ།
༡༨། དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བཞེས་གནང་བའི་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ཆོད་གན་དགེ་རྒན་རྣམས་གཏན་འཇགས་ཀྱི་ངོ་བོར་བསྐོ་གཞག་གནང་སྐྱོང་ཡོང་བ་དང་། དེ་ལྟར་མ་བྱུང་ཚེ་ཟླ་བ་ ༡༢ ཆ་ཚང་གི་གསོལ་ཕོགས་གནང་གལ།
༡༩། རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ཁང་ (NCERT) གི་སློབ་ཁྲིད་མཉེན་ཆས་རྣམས་སློབ་གྲྭ་སོ་སོར་ངོ་སྤྲོད་གནང་ཐུབ་ཚེ་ཕན་ཐོགས་ཆེ།
༢༠། བརྡ་འཕྲིན་འཕྲུལ་རིག་གི་མཐུན་རྐྱེན་ཡོད་པའི་སློབ་གྲྭ་ཁག་གི་འགན་འཛིན་ངོས་ནས་དུས་ནས་དུས་སུ་འཛིན་གྲྭར་རྟོག་ཞིབ་གང་མང་གནང་གལ།
༢༡། སློབ་ཕྲུག་རྣམས་ལ་བཅོས་མའི་རིག་རྩལ་བཀོལ་སྤྱོད་བྱེད་ཕྱོགས་མ་ནོར་བའི་ལམ་སྟོན་གནང་གལ་བཅས།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༩ ལ།།