ཟླ་རེའི་གསར་འགྱུར།

༄༅། །གཞི་རིམ་སློབ་གྲྭའི་རིགས་ལམ་དང་ནང་ཆོས་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ།

གསར་འཕྲིན།

   འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་བསླབ་གཞིར་བསྐྱར་ཞིབ་དང་འབྲེལ་དུས་ནས་དུས་སུ་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཀྱིས་གཞི་རིམ་སློབ་གྲྭའི༌བོད་ཡིག་སློབ་ཁྲིད་ཐོག་རྟོག་ཞིབ་དང་བསྐྱར་ཞིབ་རྒྱུན་མཐུད་དུ་གནང་བཞིན་ཡོད། ཉེ་ལམ་ཕྱི་ལོ་༢༠༠༤ ཟླ་༩ པར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བ་ནས་བཟུང། ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ལས་རིམ་དུ་མ་ཞིག་འགོ་འཛུགས་གནང་ཡོད་པའི་ཁྲོད། བོད་ཡིག་དང། རྩིས་རིག  ཚན་རིག  སྤྱི་ཚོགས་ཚན་རིག༌སོགས་སྔོན་འགྲོ་ནས་གཞི་རིམ་སློབ་གྲྭའི་བར་གྱི་སློབ་ཚན་འཆར་འགོད་དང། བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ། ཕྱི་ལོ་༢༠༡༠ ལོར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ལེགས་གྲུབ་བྱུང་ཡོད་ཅིང། ཕྱི་ལོ་༢༠༡༡ ནས་བཟུང་གཞི་རིམ་གོང་མའི༌བསླབ་གཞིའི་རྩ་འཛིན་གཏན་འབེབས་བཟོ་འགོད་ཀྱི་ལས་འགོ་བཙུགས་པ་དང་ཆབས་ཅིག འདི་ལོའི་ཟླ་༥ ཚེས་༡༨ དང་༡༩ ཉིན་གཉིས་རིང་གཞི་རིམ་སློབ་གྲྭའི་རིགས་ལམ་དང་ནང་ཆོས་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང། འཛིན་རིམ་སོ་སོར་རིགས་ལམ་དང་ནང་ཆོས་ཀྱི་སློབ་དེབ་རྩོམ་སྒྲིག་བྱེད་ཕྱོགས༌ཐད་ཚོགས་འདུ་ཞིག་སྐོང་ཚོགས་གནང།
    ཚོགས་འདུ་འདི་གོ་སྒྲིག་གནང་མཁན་ཉེ་ལམ་བཀའ་ཤག་གིས་གསར་དུ་བཙུགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ཡིན་ཞིང། ཚོགས་ཞུགས་མི་སྣའི་ཁྲོད་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་འགན་འཛིན་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས། གཞི་རིམ་སློབ་གྲྭའི་ཆོས་དགེ་ཁག་ཅིག་སྟེ། ཧར་པ་པུར་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་ཐུབ་བསྟན་བློ་ལྡན། རྡོར་གླིང་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་བསྟན་པ། དཔེ་སྟོན་སློབ་གྲྭའི་ཆོས་དགེ་སློབ་དཔོན་ཨོ་རྒྱན་རིག་འཛིན། དྷ་ཤོད་སློབ་གྲྭའི་ཆོས་དགེ་དགའ་ཤར་རྟ་དབོན་བློ་བཟང་དངོས་གྲུབ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་ཆོས་དགེ་ངག་དབང་བརྩོན་འགྲུས་དང་འབྲེལ་ཡོད་སློབ་དེབ་རྩོམ་སྒྲིག་པ་བཅས་ཚོགས་མི་བཅུ་ཡོད། ཚོགས་འདུའི་རིང་གཞི་རིམ་སློབ་གྲྭ་ཁག་གི་རིགས་ལམ་དང་ནང་ཆོས་སློབ་དེབ་དང། སློབ་དགེ། སློབ་ཁྲིད། ཚོགས་ཐུན། རྒྱུགས་ཞིབ་སོགས་ཀྱི་གནས་སྟངས་དང་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར་ལྷུག་པོ་གནང་སྟེ། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་བར་མ་དང་གོང་མའི་རིགས་ལམ་དང་ནང་ཆོས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང༌། ད་ཡོད་སློབ་དེབ་ལ་བསྐྱར་ཞིབ་བྱེད་ཕྱོགས་གཏན་འབེབས་གནང།
    ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་རིམ་ལག་བསྟར་དང་འབྲེལ། འདི་ལོ་ནས་བཟུང་གཞི་རིམ་སློབ་གྲྭའི་རིགས་ལམ་དང་ནང་ཆོས་སློབ་དེབ་ལ་བསྐྱར་ཞིབ་གནང་སྟེ། ཕྱི་ལོ་༢༠༡༤ ཡི་སློབ་དུས་གསར་པ་ནས་སློབ་དེབ་གསར་པ་གཞི་རིམ་སློབ་གྲྭ་ཁག་ཏུ་དཔར་འགྲེམས་གནང་རྒྱུའི་ལས་འཆར་ལག་བསྟར་གནང་བཞིན་ཡོད་པ་བཅས།
 

སྔོན་མ།
སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་ལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་གསར་བར་ཕྱིར་མིག་ལྟ་བ།
Menu