ཟླ་རེའི་གསར་འགྱུར།

༸གོང་ས་མཆོག་གིས་ཟབ་སྦྱོང་དུ་བཅར་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་དང་དགེ་རྒན་རྣམས་ལ་བཀའ་སློབ་སྩལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༦ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༡༩ ནས་དགེ་རྒན་དང་། རྒན་བདག་བཅས་མི་གྲངས་ ༥༧ དང་། ཤེས་རིག་ལས་བྱེད་ ༣ བཅས་ཁྱོན་མི་གྲངས་ ༦༠ ཐམ་པར་༸རྒྱལ་བའི་གཟིམ་ཆུང་གི་མཇལ་འཕྲད་ཁང་དུ་མཇལ་ཁའི་སྐབས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཁྱེད་རང་ཚོ་ས་གནས་མང་པོ་ཞིག་ནས་རྒན་བདག་དང་། དགེ་རྒན་བཅས་མི་གྲངས་ ༥༧ ཡོད་པ་ཁྱེད་རང་ཚོ་འདིར་ཟབ་སྦྱོང་སོགས་ཚོགས་ཡོད། ངོས་རང་འཁྱུག་ཙམ་ཐུག་དགོས་སྙམ་པ་ཞིག་བྱུང་། རྒྱུ་མཚན་ནི་བར་སྐབས་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་ཕྲུག་ཐུག་འཕྲད་དང་། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་གཏམ་བཤད་བྱེད་སྐབས་ཡང་ཡང་བརྗོད་ཀྱི་ཡོད། ང་ཚོ་འཛམ་གླིང་འདིའི་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་ཡོད། ཟླ་ངོ་རེ་རེའི་ནང་དུ་ཧ་ལམ་འཕྲུལ་ཆས་གསར་པ་རེ་ཐོན་ནས་འཕྲུལ་ཆས་ཡར་རྒྱས་ཀྱིས་འཚོ་བ་སྟབས་བདེ་རུ་འགྲོ་བ་དང་། འཕྲུལ་ཆས་སྣ་ཚོགས་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད།
དེ་བཞིན་དཔལ་འབྱོར་ཡར་རྒྱས་འགྲོ་བ་སོགས་ཕྱོགས་མང་པོ་ཞིག་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད། འོན་ཀྱང་དེ་དང་ཆབས་ཅིག་ད་ལྟའི་གནས་སྐབས་ལ་ཆ་མཚོན་ནས་བཤད་ན། ང་ཚོ་འདིར་ཞི་བདེ་ལྷིང་འཇགས་ཐོག་བསྡད་ཡོད་ཀྱང་། འཛམ་གླིང་གཅིག་གྱུར་འདིའི་སྟེང་དུ་ད་ལྟའི་དུས་འདིར་མི་ཇི་ཙམ་ཞིག་གསོད་རེས་གཏོང་བཞིན་འདུག དེ་ཡང་སི་རི་ཡ་ Syria དང་། ཨི་རག Iraq ཡེ་མན་ Yamen སོགས་སུ་མི་ཇི་ཙམ་ཞིག་གསོད་རེས་གཏོང་གི་མི་འདུག་གམ། སྤྱིར་སྟག་གིས་མི་ཞིག་བསད་པ་དང་། གླང་ཆེན་གྱིས་མི་ཞིག་བསད་འདུག་ཅེས་བརྗོད་ཚེ། ཨ་ཙི་རྐྱེན་ངན་ཧ་ལས་པ་ཞིག་བྱུང་འདུག ཅེས་སེམས་མི་བདེ་བ་བྱེད་དགོས་པ་ཞིག་ཡིན། འོན་ཀྱང་མིས་མི་བརྒྱ་ཕྲག་དང་སྟོང་ཕྲག་བསད་འདུག་ཅེས་བརྗོད་ན། དེ་ནི་འཆར་ཅན་ལྟ་བུ་ཞིག་ཆགས་གྲབས་བྱེད་བཞིན་འདུག གསར་འགྱུར་ཁག་ལ་བལྟས་ན་མིས་མི་གསོད་པའི་རིགས་རྒྱུན་ཆད་མེད་པར་ཡོང་གི་འདུག གཞན་ཡང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཆ་མཚོན་ན། ལྷོ་ཨ་རིའི་རྒྱལ་ཁབ་པ་ན་མའི་ Panama ཚོང་ལས་ཁང་མོ་སེག་གི་ Mossack Fonseca གནས་ཚུལ་ཁྱེད་རང་ཚོས་གོ་ཐོས་བྱུང་ཡོད་ངེས་རེད། ཨིན་ཇིས་མཚོན་པའི་རྒྱལ་ཁབ་ལྔ་ཙམ་གྱིས་དངུལ་གྱི་མ་རྩ་ཡོད་པ་རྣམས་ཕྱི་གསལ་ནང་གསལ་བཟོས་པ་ཧ་ཅང་ཡག་པོ་འདུག་ཅེས་དེ་ལ་རྒྱབ་སྐྱོར་བྱས་འདུག ཕྱི་གསལ་ནང་གསལ་བྱས་ན་ཁྲལ་རིགས་སྤྲོད་ལེན་བྱ་རྒྱུ་སོགས་ཡོང་གི་ཡོད། མདོར་ན་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་ལ། ང་ཚོ་ཚང་མས་སྡུག་སྐད་རྒྱག་བཞིན་ཡོད། ལྷག་པར་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་ཐད་འཐབ་རྩོད་བྱེད་བཞིན་ཡོད།
ཉེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ནང་དུ་ཡོད་པའི་གཙོ་བོ་ཨ་རིའི་གཞུང་ཚབ་ཀྱིས་གྲ་སྒྲིག་གནང་སྟེ་ངོས་རང་མགྲོན་འབོད་ཀྱིས་ལྷན་ཚོགས་ཤིག་འཚོགས་པ་རེད། སྐབས་དེར་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡེ་མན་ Yamen ནས་ཕེབས་པའི་ཨ་ཅག་ Tawakkol Karman མཆོག་དང་། ཨི་རན་ནས་ཡིན་པའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྔར་ནས་ངོ་ཤེས་པ་ Shirin Ebadi མཆོག་ཕེབས་ཐུབ་མེད་ཀྱང་སྐུ་ཚབ་ཨ་ཅག་ཅིག་ཀྱང་འདུག ངོས་རང་བཅས་གསུམ་ནས་གཏམ་བཤད་བྱས་པ་རེད། ཁོང་གཉིས་ནས་བཀའ་མོལ་གནང་སྐབས་རང་རང་སོ་སོའི་ལུང་པའི་ནང་གི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་གི་སྐོར་ཞིབ་ཚགས་དང་ནན་པོའི་ཐོག་ནས་ཧ་ཅང་ཡག་པོ་གསུངས་སོང་། དེ་རྗེས་ངོས་ཀྱི་ཤོད་མཚམས་སུ་སླེབ་སྐབས། ངོས་རང་ནམ་རྒྱུན་ནས་བསམ་བློ་འདི་ལྟར་འཁོར་བཞིན་ཡོད་སྟབས། སྐབས་དེར་ངོས་ནས་འདི་ལྟར་ཞུས་པ་ཡིན། འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་གི་གནས་ཚུལ་ཚད་ལས་འདས་པ་ཞིག་ཡོང་གི་ཡོད། འོན་ཀྱང་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག་འགྲོ་བཞིན་འདུག ཅེས་སྐད་ངན་བརྒྱབ་པ་གཅིག་པུས་ཕན་ཐོགས་མེད། འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་བའི་རྒྱུ་རྐྱེན་གང་ལ་ཐུག་མིན་དང་། དེ་ཡང་རྒྱུ་འབྲས་རྟེན་འབྲེལ་གྱི་འགྲོ་ལུགས་དེའི་ཐོག་ནས་བརྟག་དཔྱད་བྱེད་དགོས། རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་ལས། རྒྱུ་རྐྱེན་གང་ཡང་མེད་པར་འབྲས་བུ་བྱུང་བ་ཞིག་མིན། དཔེར་ན། ས་ཡོམ་བརྒྱབ་པ་ལྟ་བུ་ཞིག་ལ་མཚོན་ནའང་། དེ་ལ་རྒྱུ་དང་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་བྱུང་བ་ཞིག་ཡིན། འབྱུང་བའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ལས། ཐད་ཀར་མིའི་བྱ་སྤྱོད་དང་འབྲེལ་བ་དེ་ཙམ་མེད་པ་ལྟ་བུ་ཡིན། དེ་མིན་མིས་བཟོས་པའི་རྙོག་དྲ་རྣམས་མིའི་བསམ་བློ་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་ཡིན།
དེར་བརྟེན་རྩ་བ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱས་པ་ལྟར་མི་གཞན་གྱི་ཚེ་སྲོག་ལའང་གཅེས་སྤྲས་བྱེད་པའི་བསམ་བློ་ཞིག་ཡོད་ན་མིས་མི་གསོད་རྒྱུ་དང་། གཞན་ལ་ཐུབ་ཚོད་ཤོད་པའི་རིགས་ཡོང་ཐབས་མེད། དཔེར་ན། རང་ཉིད་ལ་གཞན་གྱིས་ཐུབ་ཚོད་བཏང་ན་མ་སྐྱིད་པ་ཡོང་བ་ཡིན། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་རེད། མི་གཞན་ལ་ཐུབ་ཚོད་མི་ཤོད་པ་དང་། དེ་བཞིན་ལྐོག་ཟ་རུལ་སུངས་དང་། མགོ་སྐོར་བསླུ་བྲིད། གཡོ་སྒྱུ་ཁྲམ་གསུམ་བྱ་རྒྱུ་ཚང་མ་གཞན་གྱི་ཚེ་སྲོག་ལ་རིན་ཐང་བརྩི་པོ་དང་། གཞན་གྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་པ། གཞན་གྱི་རང་དབང་ལའང་བརྩི་བཀུར་བྱས་པ་ཡིན་ན་རྙོག་དྲ་དེ་རིགས་ཡོང་ཐབས་མེད། དེར་བརྟེན་དུས་རབས་ཉེར་གཅིག་པ་འདི་བཞིན་དངོས་གནས་ཕྱི་དངོས་པོའི་ཡར་རྒྱས་དང་། འཕྲུལ་ཆས་ཡར་རྒྱས་སོགས་ཀྱི་ཐོག་ལ་ངོ་མཚར་སྐྱེ་དགོས་པ་ལྟ་བུ་ཞིག་ཡོད་ཀྱང་། དེ་ལྟ་བུའི་འཕྲུལ་ཆས་དང་རིག་རྩལ་ཡར་རྒྱས་ཕྱིན་པ་དེ་དག་མི་ལ་བརྡབ་གསིག་བཟོ་རྒྱུ་དང་། མི་ལ་དཀའ་ངལ་བཟོ་རྒྱུའི་ཆ་རྐྱེན་ཞིག་ཏུ་འགྲོ་གྲབས་བྱེད་བཞིན་འདུག དུས་རབས་ཉི་ཤུ་པར་ཕྱི་མིག་ཅིག་བལྟས་ན་ཚན་རིག་པ་དང་། ལག་རྩལ་བ་བཅས་ཀྱི་ཐོག་ནས་རྡུལ་ཕྲན་མཚོན་ཆ་བཟོས་པ་རེད། ཚན་རིག་རང་གི་ཐོག་ནས་བཤད་ན་ཧ་ལས་པ་ཞིག་དང་། དེ་ནི་ཚན་རིག་པའི་ལག་རྩལ་གྱི་རྣམ་དཔྱོད་ཀྱི་ཐོག་ནས་གྲུབ་འབྲས་ཧ་ལས་པ་ཞིག་ཐོན་པ་དེ་གཏོར་བཤིག་གཏོང་རྒྱུའི་ཐོག་ཏུ་ཕྱིན་པ་རེད། དུས་རབས་ཉི་ཤུ་པ་དེ་ལྟ་བུའི་ཐོག་ཏུ་འདས་པ་རེད། ངོས་ནས་དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཤིག་ཆགས་འདུག ཅེས་ནམ་རྒྱུན་བརྗོད་ཀྱི་ཡོད། དུས་རབས་ཉི་ཤུ་པ་དེའི་ནང་དུ་དམག་འཁྲུག་གི་ཐོག་ནས་མི་ས་ཡ་ཉིས་བརྒྱ་ལྷག་ཙམ་ཞིག་བསད་པའི་སྐོར་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཚད་ལས་བརྒལ་བའི་འཚེ་བ་སྤྱད་པ་དེ་དག་གིས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་། དྲང་བདེན་ཡོད་པ། ཡ་རབས་སུ་ཕྱིན་པ་བཅས་བྱུང་ཡོད་ན་ལྟ་རྒྱུ་ཞིག་ཡོད་ཀྱང་དེ་ལྟར་བྱུང་མེད།
དུས་རབས་ཉི་ཤུ་པ་དེ་བཞིན་དམག་འཁྲུག་གི་དུས་རབས་ཤིག་གི་ཐོག་ནས་བསྐྱལ་བར་བརྟེན་དུས་རབས་ཉེར་གཅིག་པ་འགོ་ཚུགས་པའི་དུས་སྐབས་སུའང་དཀའ་ངལ་ཞིག་འཕྲད་ཚེ་ལམ་སེང་དམག་མི་བཏང་ནས་ལམ་སེང་གཏོར་བཤིག་གཏོང་རྒྱུའི་ཐོག་ཏུ་འགྲོ་བཞིན་ཡོད། དེ་ནི་དུས་རབས་ཉི་ཤུ་པའི་མིའི་བསམ་བློའི་ཐོག་བག་ཆགས་ཇི་ལྟ་བུ་ཞིག་བཞག་ཡོད་དམ་ཞེ་ན། དཀའ་ངལ་འཕྲད་མ་ཐག་དམག་དཔུང་བེད་སྤྱོད་བྱས་ནས་རང་ཉིད་དང་འགལ་ཟླ་ཡོད་རིགས་རྣམས་རྩ་མེད་བཟོས་པའི་ཐོག་ནས་དུས་རབས་ཉི་ཤུ་པ་དེ་ལྟར་དུ་རྫོགས་པ་རེད། དེ་ལྟ་བུའི་བསམ་བློ་དེ་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་མུ་མཐུད་འཁྱེར་ཡོང་བར་བརྟེན་དུས་རབས་ཉེར་གཅིག་པའི་འགོ་སྟོད་ཀྱི་ད་ཆ་ཕྱི་ལོ་ ༢༠༡༦ ལ་སླེབས་ཡོད་ཀྱང་མདོར་ན་ད་དུང་བཀྲ་ཤིས་པ་དེ་ཙམ་མེད། མི་ཧ་ཅང་མང་པོ་ཞིག་གསོད་ཀྱི་ཡོད་ལ། ཞེད་སྣང་གི་ངང་དུ་སྡོད་དགོས་ཀྱི་ཡོད། ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་དེ་དག་གིས་ཞེད་སྣང་བྱས་ནས་སྡོད་བཞིན་ཡོད། ད་ལྟ་བྱང་ཀོ་རི་ཡའི་འགོ་ཁྲིད་ཕ་དང་དེ་ནས་བུ། ཡང་དེའི་བུ་བཅས་མདོར་ན་ཁྱིམ་ཚང་གཅིག་གིས་འཛིན་པ་ལྟ་བུ་ཞིག་ཆགས་ཡོད་ལ། གོ་མཚོན་ལ་དང་དོད་བྱེད་པ་དང་། རང་ཉིད་ཀྱིས་གོ་མཚོན་ལ་དང་དོད་བྱས་པ་དེའི་དབང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཀྱང་ཞེད་སྣང་བྱས་ནས་སྡོད་དགོས་པ། དེ་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་གོ་མཚོན་ལ་དང་དོད་བྱེད་དགོས་པ་ལྟ་བུ་ཞིག་ཆགས་ཡོད། གནས་སྟངས་འདི་དག་མུ་མཐུད་འདི་ལྟར་དུ་གནས་ཚེ་ང་ཚོའི་དུས་རབས་ཉེར་གཅིག་པ་འདི་ཡང་འདས་ཟིན་པའི་དུས་རབས་ཉི་ཤུ་པ་དང་འདྲ་བར་དངངས་སྐྲག་དང་། ང་རྒྱལ། ཕྲག་དོག་ཁོ་ནའི་ངང་དུ་འགྲོ་དགོས་པ་ཞིག་ཆགས་ཉེན་ཡོད། དེར་བརྟེན་འཛམ་གླིང་འདིའི་ཐོག་མི་གསོད་ཁྲག་སྦྱོར་བྱུང་ན་མི་སུ་ཞིག་དང་། ཐ་ན་བྱ་བྱིའུ་ཚུན་ཆད་ལ་སྡུག་བསྔལ་ཡོང་ངེས་ཡིན།
དེས་ན་ང་ཚོ་དུས་རབས་ཉེར་གཅིག་པ་འདི་ཉིད་འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་ཇི་ལྟ་བུ་ཞིག་བྱུང་ཡོད་མེད་ལ་མིག་དཔེ་བལྟས་ནས། དམག་འཁྲུག་དང་གོ་མཚོན་ལ་དང་དོད་བྱས་པའི་དབང་གིས་དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཤིག་གི་ཐོག་ཏུ་ཕྱིན་པ་རེད། དུས་རབས་ཉེར་གཅིག་པ་འདི་བཞིན་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་པ་ཞིག་དང་། བཟོ་འོས་པ་ཞིག་ཀྱང་ཡིན། དེར་བརྟེན་དུས་རབས་ཉེར་གཅིག་པ་འདི་ཉིད་དུས་རབས་ཉི་ཤུ་པ་དང་མི་འདྲ་བར་ངོས་ནས་ནམ་རྒྱུན་བརྗོད་མུས་ལྟར། འཚེ་བ་མེད་པའི་དུས་རབས་ཤིག་དང་། ཞི་བའི་དུས་ཪབས་ཤིག གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་ཞེས་བརྗོད་ཀྱི་ཡོད། འཚེ་བ་མེད་པ་ཞེས་པ་དེ་ཡང་། རང་གར་མིའི་སྤྱི་ཚོགས་ནང་བློ་མི་མཐུན་པ་དང་། རང་ཉིད་ཀྱི་དོ་སྣང་བྱ་ཡུལ་མི་མཐུན་པ་ཡོད་པ་དེ་དག་མུ་མཐུད་གནས་ངེས་ཡིན་པ་ལས་མེད་པ་ཆགས་ཐབས་མེད། དཔེར་ན། ཆོས་ལུགས་འདྲ་མིན་ཡོད་པ་རྣམས་མུ་མཐུད་སྡོད་ངེས་ཡིན་པ་ལས། མེད་པ་ཆགས་ཐབས་མེད། འོན་ཀྱང་འགལ་ཟླ་ཡོད་པ་རྣམས་རྙོག་དྲ་མི་ཡོང་བར་གང་ཞིག་བྱེད་དགོས་སམ་ཞེ་ན། གྲོས་མོལ་བྱེད་དགོས་པ་ཡིན། ཕན་ཚུན་མི་མཐུན་པ་གང་ཞིག་ཡོད་ཀྱང་ང་ཚོ་དང་ཕར་ངོས་གཉིས་ཀ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས། ཁོང་ཚོར་བདེ་སྐྱིད་དགོས་ལ། ཁོ་རང་ཚོའི་འདོད་དོན་དེ་དག་ཁོ་རང་ཚོར་ཐོབ་ཐང་ཡོད། དེས་ན་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་གང་ཞིག་བྱ་རྒྱུ་ཡོད་མེད་ཀྱི་ཐོག་ལ་བསམ་བློ་བཏང་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ལས། འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མས་ངའི་བསམ་བློ་ལྟར་དུ་བྱེད་དགོས། ང་ཚོ་ནང་བཞིན་བྱེད་དགོས་ཞེས་བརྗོད་ཤེས་ཐབས་མེད།
    དཔེར་ན་ཆོས་ལྟ་བུར་མཚོན་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཞེ་ས་མ་ཞུས་ན་སྐུ་ངོ་མ་རྒྱ་གར་ལ་བྱོན་ནས་མཆོག་གིས་སྤྲུལ་སྐུའི་རྣམ་པ་བསྟན་ནས་མཛད་པ་བསམ་གྱི་མི་ཁྱབ་པ་མཛད་ཡོད་ཀྱང་། རྒྱ་གར་ཡོངས་རྫོགས་ནང་པ་ཆགས་ཐུབ་མེད། དེར་བརྟེན་མུ་མཐུད་འདི་ལྟར་གནས་རྒྱུ་རེད་མ་གཏོགས་ཆོས་ལུགས་ཚང་མ་གཅིག་གྱུར་བཟོ་ཐབས་མེད། དེ་བཞིན་འཛམ་གླིང་ནང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་དུང་ཕྱུར་བཅུ་ཙམ་ཆོས་དད་མེད་མཁན་ཡིན་པས་ཁོང་ཚོ་ཆོས་དད་ཡོད་པ་བཟོ་ཐུབ་ཐབས་མེད་པར་བརྟེན་འདི་ལྟར་གནས་རྒྱུ་རེད། བསམ་ཚུལ་དང་ལྟ་གྲུབ། ཆོས་ལུགས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་མི་མཐུན་པ་ཡོང་གི་རེད། འོན་ཀྱང་དེ་དག་འཁྲུག་རྐྱེན་ཐོག་མི་འགྲོ་བར་གྲོས་མོལ་བྱེད་དགོས། དུས་རབས་ ༢༡ འདི་བཞིན་ཞི་བདེའི་དུས་རབས་ཤིག་ཏུ་བསྐྲུན་ཆེད་དུས་རབས་འདི་ཉིད་གྲོས་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་དགོས། ཞེས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། དེ་ལྟར་ཡོང་བར་ངས་ཁ་གཏད་དེ་བརླག་མ་ཐུབ་པར་བརྟེན་སྐད་ཆ་བཤད་ནས་འགྲིག་པ་བྱེད་ཀྱི་ཡིན་ཟེར་ན་ནོར་འཁྲུལ་རེད། འཚེ་བ་མེད་པ་ངོ་མ་ནི་ངས་ཁོ་པར་ཐུབ་རྒྱུ་ཡིན་ནའང་འཚེ་བ་ཞེས་པ་དེ་ནོར་འཁྲུལ་རེད། དེར་བརྟེན་ངས་འཚེ་བ་བྱེད་ཀྱི་མིན་ཟེར་ན་འཚེ་བ་མེད་པ་ངོ་མ་དེ་འདི་རེད། འཛམ་གླིང་ནང་དོན་དངོས་ཀྱི་ཞི་བདེ་ཡོང་བར་སྔོན་ལ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཞི་བདེ་ལྡན་པའི་འཛམ་གླིང་བསྐྲུན་དགོས་པ་རེད་མ་གཏོགས། ནང་སེམས་ལ་ཞི་བདེ་མེད་ན་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་མེད། ད་ལྟ་ཞི་བདེ་མེད། རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ཧ་ཅང་ཤུགས་ཆེན་པོ་འདུག དེར་བརྟེན་དེའི་ལན་རྩ་ག་པར་ཐུག་གི་ཡོད་མེད་བསམ་བློ་གཏང་ན། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་ལམ་ལུགས་འདིའི་འདང་གི་མི་འདུག
ད་ལྟ་རྒྱ་གར་ནང་ཡོད་པའི་དེང་དུས་ཤེས་ཡོན་འདི་ཡུ་རོབ་ནས་བྱུང་བ་ཞིག་ཡིན། ཡུ་རོབ་ལོ་ཉིས་བརྒྱ་སུམ་བརྒྱ་ཙམ་རིང་ལ་ཤེས་ཡོན་ཟེར་དུས་ཡེ་ཤུའི་ལྷ་ཁང་ Church གི་རྐང་འགན་བླངས་པ་ལྟ་བུ་ཆགས་ཡོད། ང་ཚོ་བོད་ལྟ་བུ་ཡིན་ནའང་ཤེས་ཡོན་ཟེར་དུས་དགོན་པ་ཚོས་འགན་ཁྱེར་བ་བཟོ་འདྲ་མ་གཏོགས་ཟུར་དུ་སློབ་གྲྭ་མེད། ཡུ་རོབ་ཁུལ་དུའང་ཡེ་ཤུའི་ཆོས་པ་ཚོས་སློབ་སྦྱོང་གི་འཁུར་བླངས་ཀྱི་ཡོད། དེ་ནས་རིམ་པས་ཚན་རིག་གི་རིག་པ་ཞིག་རྙེད་ནས་དེ་དང་འབྲེལ་བའི་རིས་མེད་ཀྱི་ཤེས་ཡོན་ལམ་ལུགས་དེ་གཞི་ནས་དར་བ་རེད། དེ་དུས་ལོ་སྟོང་ཕྲག་རིང་ཆོས་ཕྱོགས་ཀྱི་ཐོག་ནས་བྱམས་པ་དང་སྙིང་རྗེ་སོགས་ཡིད་ཚིམ་པ་ཞིག་ཡོད། ཚུར་ཕྱོགས་དེར་དངོས་པོ་ཡར་རྒྱས་འགྲོ་རྒྱུ་དང་འབྲེལ་བའི་ཤེས་ཡོན་དེ་འདང་ངེས་ཅན་ཞིག་མེད་སྟབས་དེང་དུས་ཀྱི་ཤེས་ཡོན་འགོ་ཚུགས་ཡོད། དེང་དུས་ཀྱི་ཤེས་ཡོན་ཡོང་སྟངས་འདི་ལྟར་བྱས་ནས་བྱུང་བ་ཞིག་ཡིན་པར་བརྟེན། ད་ཡོད་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནི་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཡོད། དེར་བརྟེན་སློབ་གྲྭར་སློབ་ཕྲུག་ཚོས་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་བསམ་བློ་གཏང་རྒྱུ་མ་གཏོགས། བྱམས་པ་དང་བརྩེ་བ། ཡ་རབས་སོགས་སློབ་སྦྱོང་ནང་མེད་སྟབས། དེང་དུས་ཤེས་ཡོན་ལམ་ལུགས་འདི་འདང་ངེས་ཅན་ཞིག་མི་འདུག ཅེས་ངོས་ཀྱི་ཡུ་རོབ་དང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་སོགས་སུ་བཤད་ཀྱི་ཡོད། དཔེར་ན། བར་སྐབས་ཨ་རིའི་ནང་ཚན་རིག་པ་མང་པོ་ཞིག་གིས་ང་ཚོའི་སྤྱི་ཚོགས་ནང་བྱམས་བརྩེའི་འདང་གི་མེད་པ་དང་། བྱམས་བརྩེ་ཟེར་བ་དེ་ནི་སེམས་ཀྱི་ཞི་བདེ་དང་ཧ་ཅང་འབྲེལ་བ་ཡོད་སྐོར། བསམ་བློའི་ནང་འཇིགས་སྣང་དང་ང་རྒྱལ། ཁོང་ཁྲོ་སོགས་ཀྱི་རྐྱེན་པས་སེམས་འཁྲུག་པ་ཡིན་ན་ལུས་ཀྱི་འབྱུང་བ་དེ་དག་ཀྱང་འཁྲུག་གི་རེད། སེམས་ཀྱི་ཞི་བདེ་ནི་གཟུགས་པོའི་འཕྲོད་བསྟེན་གྱི་ཆ་ནས་ཧ་ཅང་གལ་ཆེན་པོ་འདུག ཅེས་ཤོད་ཀྱི་ཡོད།
ད་ལྟ་ཡོད་བཞིན་པའི་དེང་དུས་ཤེས་ཡོན་འདིས་མིར་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མི་འདུག དེར་བརྟེན་བྱམས་བརྩེ་ཞེས་པ་དེ་གལ་ཆེན་པོ་འདུག་ཅེས་ཚན་རིག་པའི་ནང་དུའང་ཤོད་མཁན་ཡོང་གི་འདུག དེའི་སྐོར་གོ་བསྡུར་བྱེད་རྒྱུ་སོགས་མང་པོ་ཡོང་བཞིན་འདུག ཉེ་བའི་ཆར་ཨ་རིའི་ནང་ཕལ་ཆེར་གྲོང་ཁྱེར་ཁག་བཅུ་གྲངས་ཤིག་གིས་གྲོང་ཁྱེར་གྱི་མིང་དེ་ཡང་བྱམས་བརྩེའི་གྲོང་ཁྱེར་ City of compassion ཞེས་མིང་བཏགས་ཡོད། དེ་བཞིན་གྲོང་ཁྱེར་འགའ་ཤས་སྙིང་རྗེའི་གྲོང་ཁྱེར་ City of kindness ཞེས་མིང་བཏགས་ཡོད། དེ་ཚོ་ངོས་ཀྱིས་བརྗོད་པ་དེ་འདྲ་གང་ཡང་མིན། ཁོང་རང་ཚོར་བྱམས་པ་དང་སྙིང་རྗེའི་ཐོག་དོ་སྣང་སླེབས་སྟབས་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད། ན་ནིང་ངོས་རང་ཨ་རིར་ཚོགས་འདུ་ཞིག་ལ་ཕྱིན་པའི་སྐབས་ཁོང་ཚོས་ང་ཚོའི་གྲོང་ཁྱེར་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་རྗེས། གྲོང་ཁྱེར་ནང་གི་སློབ་གྲྭ་སོགས་ཀྱི་ནང་བྱམས་བརྩེའི་སྐོར་བགྲོ་གླེང་བྱས་སྟབས། སློབ་གྲྭའི་སློབ་ཕྲུག་ཚོས་རྒྱག་རེས་རྒྱག་རྒྱུ་ཉུང་དུ་ཕྱིན་ཏེ་སློབ་སྦྱོང་ཐོག་ཧུར་བརྩོན་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ནང་སློབ་ཕྲུག་ཚོས་གཞན་ཕན་བསྒྲུབ་རྒྱུར་དོ་སྣང་ཆེ་རུ་ཕྱིན་པ་སོགས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།

སྔོན་མ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་གསུང་བཤད་གནང་བ།
ཕྱི་མ།
འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་གཅིག་པ་གནང་།
Menu