ཟླ་རེའི་གསར་འགྱུར།

༸གོང་ས་མཆོག་གིས་ཨིན་དྷི་ར་གྷན་དྷི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་ཚན་པ་ཞིག་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག

གསར་འཕྲིན།

༄༅། །ཨིན་དྷི་ར་གྷན་དྷི་རྒྱལ་ཡོངས་གཙུག་ལག་སློབ་ཁང་(Indira Gandhi National Open University)གི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་སློབ་ཁང་དེའི་ནང་བོད་ཀྱི་རིག་གནས་ཚན་པ་ཟུར་འཛུགས་གནང་བ་དེ་དབུ་འབྱེད་བསྐྱང་རྒྱུ་མ་ཟད། གཙུག་ལག་སློབ་ཁང་དེའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་ ༢༤ པ་དང་སྟབས་བསྟུན་གཙུག་ལག་སློབ་ཁང་གི་མཁས་དབང་གི་ཕྱག་འཁྱེར་(Honoris Causa) ཞེས་པ་མགོན་པོ་གང་ཉིད་མཆོག་གིས་འབུལ་ལམ་ཞུ་རྒྱུ་ཡིན་འདུག
སྤྱིར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག(Vice Chancellor)སྐུ་ཞབས་ཝི་ཨེན་ར་ཇ་ཤེ་ཁ་རན་པི་ལ་ཡི་(Prof. V.N. Rajasekharan Pillai) ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༤ པའི་ནང་བོད་ཀྱི་རིག་གནས་ཚན་པ་ཞིག་གསར་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད། ཁོང་གིས་ཡེ་ཤུའི་ཨ་མ་ཊི་རེ་སའི་དྲན་རྟེན་མཛད་སྒོ་ཐེངས་གསུམ་པའི་ཐོག་དེ་ལྟར་ གསལ་བསྒྲགས་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་སྐབས་དེར་ཚོགས་མགོན་དུ་༸ཞབས་སོར་འཁོད་ཡོད།
བོད་ཀྱི་རིག་གནས་ཚན་པ་དེ་ནི་རྒྱ་གར་དང་བལ་ཡུལ་ནང་བོད་ཀྱི་རིག་གཞུང་ཆགས་འཇིག་གི་མཚམས་ལ་བསླེབས་ཡོད་པ་དེ་སྲུང་སྐྱོབ་བྱེད་ཆེད་གསར་འཛུགས་གནང་བ་ཞིག་ཡིན་འདུག ཚན་པ་དེའི་ནང་བོད་ཀྱི་རིག་གནས་དང་ནང་པའི་ལྟ་གྲུབ་སོགས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A)དང། གཙུག་ལག་རབ་འབྱམས་(MA)པ་དང་ (M.Phil) དེ་བཞིན་རིག་པའི་ཆུ་གཏེར་(Ph.D)སོགས་ཀྱི་གནས་ཚད་དང་མཐུན་པའི་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་བང་རིམ་སྒྲིག་པའི་ལས་འཆར་རྣམས་གསལ་བསྒྲགས་གནང་འདུག
གཙུག་ལག་སློབ་ཁང་དེའི་ནང་གསར་འཛུགས་གནང་བའི་བོད་ཀྱི་རིག་གནས་ཚན་པ་དེ་ནས་སློབ་ཕྲུག་སུ་རུང་གིས་བསླབ་པ་མཐར་སོན་རྗེས་ལག་འཁྱེར་དེ་(IGNOU)གཙུག་ལག་སློབ་ཁང་དང་། ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་ཁང་གཉིས་ཟུང་འབྲེལ་ཐོག་གནང་རྒྱུ་ཡིན་འདུག དེ་བཞིན་སྐུ་སྒེར་ཡིག་ཚང་ནས་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་བརྒྱུད་གཙུག་ལག་ཁང་དེར་བོད་ཀྱི་རིག་གནས་ཚན་པ་གསར་འཛུགས་ཆེད་ཧིན་སྒོར་འབུམ་ལྔ་གསོལ་རས་སྩལ་ཡོད་པ་བཅས། །

དེ་དང་འབྲེལ་བའི་གནས་ཚུལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
རྒྱ་གར་རྒྱལ་ཡོངས་ཀྱི་ཕྱི་ལོ་ ༢༠༡༠ ལོའི་སློབ་དགེའི་གཟེངས་རྟགས་ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱིར་གནང་རྒྱུ་ཡིན་པ།
ཕྱི་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་བ།
Menu