ཟླ་རེའི་གསར་འགྱུར།

ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།

གསར་འཕྲིན།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ལྷན་ཞུགས་ཀྱིས་གསུང་བཤད་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་ཤེས་རིག་བཀའ་བློན་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ (Dr. Harka Bhadur Chettri) མཆོག ས་གནས་ཀྱི་དཔོན་རིགས་ཁག་གཅིག་བཅས་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་ཡོད། གཞན་ཡང་ཁུལ་དེའི་ས་གནས་འགོ་འཛིན་རྣམ་པ་དང་། དགེ་རྒན་ལས་བྱེད་ཟུར་པ་རྣམ་པ། སློབ་ཕྲུག་ཟུར་བ། ས་གནས་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་ལྷག་ཙམ་ཞིག་མཛད་སྒོར་བཅར་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདི་གར་ལྔ་བཅུའི་དུས་དྲན་ཐོག་ཕེབས་པའི་དགེ་རྒན་ཟུར་པ་དང་ལས་བྱེད་ཚོར་ད་བར་བོད་པའི་སློབ་ཕྲུག་ཚོར་ཐུགས་ཕན་གསོས་པའི་ཞབས་ཕྱི་ཞུས་ཡོད་པ་དེ་དག་དུས་ནམ་ཡང་བརྗེད་ཐབས་མེད་པ་དང། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་སློབ་ཕྲུག་དེ་དག་ད་ཆ་སོ་སོའི་རྐང་པའི་ཐོག་ལང་ཐུབ་པ་བྱུང་ཡོད། དེ་བཞིན་དུ་རྒྱ་གར་གཞུང་མང་ཡོངས་ནས་བོད་པའི་སྤྱི་ཚོགས་སྤྱི་ཡོངས་དང་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་རྒྱབ་སྐྱོར་གནང་བ་ལྟར་རྒྱལ་ཁབ་སུས་ཀྱང་གནང་མེད་པ་གསལ་པོ་རེད། འདས་པའི་ལོ་ལྔ་བཅུ་ལྷག་གི་ནང་རྒྱ་གར་གཞུང་ནས་བོད་པའི་ཕྲུག་གུ་ཚོའི་ཤེས་ཡོན་ཁོ་ནའི་ཐོག་འགྲོ་གྲོན་ crore 500 ལྷག་བཏང་ཡོད། དེར་བརྟེན་བཀའ་དྲིན་དེ་ཚོ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན། ད་ལྟའི་ཆར་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལེན་ཞུ་རྒྱུའི་ལས་གཞི་འགྲོ་བཞིན་པ་རེད། དེ་ཡང་གཙོ་བོ་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གཞུང་ནས་བོད་པའི་ཕྲུག་གུ་ཚོའི་ཤེས་ཡོན་ཆེད་དུ་རོགས་རམ་གནང་བར་རྟེན།
ད་ཆ་ང་ཚོ་སོ་སོའི་རྐང་པའི་ཐོག་ལ་ལངས་ཐུབ་པ་ཆགས་ཡོད། བཀའ་དྲིན་དེ་དག་བསམ་པའི་ཐོག་ནས་སློབ་གྲྭ་དེ་དག་རྩིས་བླང་སྟེ་ང་རང་ཚོས་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན་རྣམ་པ་ཚོས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་སྨིན་པའི་ཆེད་དུ་ཡིན་པ་ལས་དེ་མིན་མ་འགྲིག་མ་འཐུས་པའི་བསམ་ཚུལ་ཅི་ཡང་མེད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་ལ་མི་འབོར་ས་ཡ་གཅིག་སྟོང་སུམ་བརྒྱ་ཡོད། བོད་པར་མི་འབོར་ས་ཡ་དྲུག་རྩིས་ཀྱི་ཡོད། བརྒྱ་ཆར་བགོས་ན་བོད་པའི་མི་འབོར་བརྒྱ་ཆ་ཕྱེད་ཀ་རེད། རྒྱ་མིའི་མི་འབོར་བརྒྱ་ཆ་དགུ་བཅུ་གོ་དགུ་དང་ཕྱེད་ཀ་རེད། གྲངས་ཀའི་ཐོག་ནས་རྩིས་ན་བོད་པ་རེར་རྒྱ་མི་བརྒྱ་དང་དགུ་བཅུ་གོ་དགུ་ཆགས་ཀྱི་ཡོད། དེར་བརྟེན་བོད་པ་གཅིག་གིས་རྒྱ་མི་ ༡༩༩ གདོང་ལེན་བྱེད་དགོས་ཀྱི་ཡོད། ང་ཚོ་ས་ཡ་དྲུག་གི་ནུས་པ་ཆ་ཚང་ཞིག་འདོན་རྒྱུར་དཔལ་འབྱོར་ཐོག་ནས་ཕྱུག་པོ་ཆགས་མཁན་རེ་གཉིས་ཡོང་སྲིད་པ་རེད། འོན་ཀྱང་སྤྱི་ཡོངས་ནས་ནུས་པ་ཆ་ཚང་ཞིག་འདོན་ཐུབ་པར་ཤེས་ཡོན་ཐོག་ལ་འབད་བརྩོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་རེ་བ་བསྒྲུབ་རྒྱུའི་འགན་གཙོ་བོ་གཅིག་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་ཡོད། ང་ཚོ་བཙན་བྱོལ་བའི་ཤེས་ཡོན་ཐོག་ནས་ནུས་པ་ཆ་ཚང་ཞིག་འདོན་ཐུབ་ཀྱི་རེད་མ་གཏོགས་གཞན་ཁག་པོ་རེད། དེར་བརྟེན་ཤེས་ཡོན་དེ་ཤིན་ཏུ་ནས་གལ་ཆེན་པོ་ཡིན། སློབ་སྦྱོང་བྱེད་པའི་སྐབས་ལ་དཀའ་ངལ་མང་པོ་ཞིག་འཕྲད་སྲིད་པ་རེད། འོན་ཀྱང་དཀའ་ངལ་འཕྲད་པའི་སྐབས་ལ་སེམས་ཤུགས་མ་ཆག་པར་ངས་བྱེད་ཐུབ་ཀྱི་རེད་བསམ་པའི་ཐོག་ནས་མདུན་སྐྱོད་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
རྒྱལ་སྤྱིའི་མི་མང་གིས་བོད་པར་དམིགས་བསལ་དགའ་པོ་བྱེད་རྒྱུ་དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང། བོད་པ་ཚོས་ཡ་རབས་བཟང་སྤྱོད་དང་དྲང་བདེན། དཀའ་ལས་རྒྱག་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ། དེ་བཞིན་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་རྩོད་ཀྱི་ཡོད་པ་དེ་དག་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་ཡ་རབས་བཟང་སྤྱོད་བརྗོད་སྐབས་ཉམ་ཆུང་མགོ་སྒུར་ཏེ་ཐུབ་ཚོད་འཁྱེར་ནས་སྡོད་དགོས་པ་དེ་འདྲ་མ་རེད། སྤོབས་པའི་ཐོག་ནས་བཤད་ཐུབ་པ་དང་གདེང་སྤོབས་དགོས་པ་ཞིག་རེད། འདས་པའི་ལོ་གསུམ་གྱི་རིང་བོད་མིའི་གཞིས་ཆགས་མང་ཆེ་བར་སྐོར་ཚར་བ་ཡིན། ཕྱི་རྒྱལ་ཡུ་རོབ་དང་ཨ་རི་ནང་ལའང་ཕལ་ཆེ་བར་ཕྱིན་པ་ཡིན། ག་བར་ཕྱིན་ཀྱང་མི་མང་ཚོའི་སེམས་ཤུགས་ཧ་ལས་པའི་ཆེན་པོ་འདུག  བོད་ནང་ལ་ཡིན་ནའང་སེམས་ཤུགས་དང་འགན་ཁུར་སྔར་ལས་ལྷག་པ་གནང་གི་ཡོད་པ་རེད། ཉེ་བའི་བོད་ཀྱི་ལོ་རྒྱུས་ནང་བོད་ཕྱི་ནང་གཉིས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་དེ་ཚད་མཐོ་ཤོས་ཤིག་རེད་བསམ་གྱི་འདུག ང་ཚོ་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད།
ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཁག་ལ་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲངས་པ་ཉུས་ཤས་ཤིག་གིས་ངོ་རྒོལ་བྱེད་ཀྱི་ཡོད། གཙོ་ཆེ་ཤོས་ཨིན་ལེན་ཌི་ནས་ཡིན་པའི་ཕྱི་རྒྱལ་མི་རིགས་ཁག་རེད། བོད་པ་ཉུང་ཤས་ལས་མེད། ཁོང་ཚོས་བཤད་རྒྱུ་དེ་གཞི་མེད་པ་ཞིག་ཡིན་པ་ཚང་མས་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། ཁོང་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པ་དེ་དག་བོད་པའི་གནས་ཚུལ་ཆ་ཚང་མ་ཤེས་མཁན་ཚོས་དངོས་གནས་མེད་དམ་བསམ་སྲིད་པ་ཞིག་རེད། དེ་ལྟར་རྩ་བ་ཉིད་ནས་མ་རེད། བོད་མིའི་སྒྲིག་འཛུགས་ནས་དབྱེ་འབྱེད་མེད་པར་ཐོབ་ཐང་སྤྱི་མཚུངས་སྤྲོད་ཀྱི་ཡོད། ད་ལྟ་ཡིན་ནའང་སློབ་གྲྭ་ག་རེའི་ནང་དོལ་རྒྱལ་བསྟེན་མཁན་གྱི་ཕྲུག་གུ་ཡོད། དེ་ཚོར་དབྱེ་འབྱེད་བྱས་མེད། གཞིས་ཆགས་ཁག་གི་ནང་ལའང་དེ་ལྟར་རེད། འོན་ཀྱང་ཉེ་ཆར་ལ་རྒྱ་ནག་གཞུང་གི་ངན་བྱུས་འོག་ནས་མི་ཉུང་ཤས་ཤིག་གིས་༸གོང་ས་མཆོག་ལ་མཚན་སྨད་དང་བོད་མིའི་སྒྲིག་འཛུགས་ལ་མིང་ཤས་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ང་ཚོའི་ཐོག་ནས་སྦ་གསང་བྱེད་དགོས་རྒྱུ་ཅི་ཡང་མེད། ཚང་མར་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡོད། དེ་ཚོ་མང་ཚོགས་ངོས་ནས་ཤེས་དགོས་པ་རེད། ཅེས་གསུང་བཤད་གནང་།
དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་ཁུལ་དེའི་མང་ཚོགས་ལ་བོད་ཀྱི་སྐད་ཡིག་ཐོག་ལ་ཐུགས་སྣང་གནང་དགོས་པ་དང་། ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ལ་དམིགས་བསལ་ལས་འགུལ་རིགས་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོང་རྒྱུའི་འབོད་སྐུལ་གནང་བ་དང་འབྲེལ་གསུང་བཤད་གནང་དོན། རྒྱལ་སྤྱིའི་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་གི་ནང་ལ་དེ་སྔ་འཛམ་གླིང་འདིའི་ནང་སྐད་ཡིག་མི་འདྲ་བ་ཁྲི་མང་པོ་ཡོད་ཀྱང་བར་ལམ་ནས་ཉམས་ནས་སྐད་ཡིག་དྲུག་སྟོང་བརྒྱད་བརྒྱ་དགུ་བརྒྱ་ཙམ་ཞིག་ལས་ལྷག་མེད། དེ་ཡང་ཕྱི་ལོ་ ༢༠༥༠ ནང་ཚུད་ཟླ་བ་རེར་སྐད་ཡིག་གཉིས་བརླག་འགྲོ་གི་ཡོད་སྐོར་བཤད་ཡོད། དེར་བརྟེན་སྐད་ཡིག་འདི་ཉེན་ཁའི་མཚམས་སུ་སླེབས་ཡོད། དེ་ལ་ཕྱི་ནང་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་གཙོ་བོ་སྐད་ཡིག་བེད་སྤྱོད་མ་བཏང་བའི་རྐྱེན་གྱིས་ཡོང་གི་ཡོད། དེ་ཡང་མཐོང་ཆུང་བྱས་པ་ཞིག་མིན་ཡང་སྣང་མེད་དབང་གིས་ཡོང་གི་ཡོད། དེར་བརྟེན་ཀ་རྡོར་སྒང་གསུམ་ལྟ་བུའི་ནང་ལ་གཡས་གཡོན་གྱི་ཤན་ཤུགས་རྐྱེན་པས་སྐད་ཡིག་འདི་ཉེན་ཁའི་མཚམས་སུ་སླེབས་ཀྱི་ཡོད་པ་ལྟ་བུ་འདུག
དེང་སྐབས་དྷ་རམ་ས་ལ་ལྟ་བུ་ཡིན་ན་ཕ་སྐད་གཙང་མའི་ཇ་ཁང་ཞེས་པའི་ལས་འགུལ་དེ་འདྲ་སྤེལ་གྱི་ཡོད། དེར་བརྟེན་ཁྱིམ་ཚང་སོ་སོའི་ནང་ལ་བོད་པའི་སྐད་བེད་སྤྱོད་གཏོང་རྒྱུའི་ལས་འགུལ་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་མེད་འགྲོ་བསམ་གྱི་འདུག ཕྱི་རྒྱལ་ཁག་ལ་ཡང་ལས་འགུལ་སྤེལ་གྱི་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུས་ན་བསམ་བྱུང་། ཤེས་ཡོན་དང་འབྲེལ་བའི་སྐོར་ལ་སྐབས་བཅུ་བཞི་པའི་བཀའ་ཤག་ནས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད་པ་ལྟར་སློབ་ཡོན་ལས་གཞི་གསར་པ་མང་དག་ཅིག་བཏོན་གནང་ཡོད། དེར་བརྟེན་སློབ་ཕྲུག་ཚོའི་ངོས་ནས་སློབ་སྦྱོང་ཧུར་ཐག་གནང་དགོས་པ་གལ་ཆེན་པོ་རེད། ད་ལྟའི་ཆར་སློབ་ཕྲུག་ཚོའི་ངོས་ནས་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཞིག་ལོན་ཐུབ་ན། ཤེས་རིག་ལས་ཁུངས་ངོས་ནས་སློབ་ཡོན་མ་འདང་པའི་དཀའ་ངལ་ཧ་ལམ་མེད་པ་ལྟ་བུ་ཡིན། དེ་བཞིན་དགེ་རྒན་ཚོའི་གནས་ཚད་ཡར་རྒྱས་གཏོང་རྒྱུའི་ཐོག་ལ་ཡང་ལས་གཞི་འགྲོ་དང་འགྲོ་མུས་ཡིན། ཞེས་གསུང་བཤད་གནང་།
མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག གཞན་སྐུ་མགྲོན་བཅས་ནས་སློབ་གྲྭའི་དགེ་རྒན་ཟུར་པ་དང་ལས་བྱེད་ཟུར་པ་ཚོར་དྲན་རྟེན་ཕྱག་རྟགས་གནང་ཡོད། ལྔ་བཅུ་དུས་དྲན་ཐོག་ལ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གནས་འཕྲིན་ཞིག་ཀྱང་གནང་ཡོད། སྲིད་སྐྱོང་མཆོག་གིས་སློབ་གྲྭའི་ཞལ་ལག་མཆོད་སའི་ཚོགས་ཁང་ཉམས་གསོ་གནང་བ་དབུ་འབྱེད་གནང་ཡོད། ཉིན་རྒྱབ་ནས་ཀ་སྦུག་ས་གནས་མི་མང་དང་སློབ་ཟུར། སློབ་ཕྲུག་བཅས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་གནང་ཡོད། སྲིད་སྐྱོང་མཆོག་གིས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༧ ཉིན་རྡོར་གླིང་མི་མང་དང་སློབ་ཕྲུག་ཚོར་གསུང་བཤད་གནང་ཡོད། སྲིད་སྐྱོང་མཆོག་སང་ཉིན་སྔ་དྲོར་ཀ་སྦུག་གཡུ་ལོ་བཀོད་རྒན་གསོ་ཁང་དུ་འཚམས་གཟིགས་གནང་སྟེ་ཀ་སྦུག་ནས་ཕེབས་ཐོན་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་འདྲེན་བཀོད་ཞུས།

སྔོན་མ།
ཨ་མ་ཝེ་གར་ལགས་འདས་གྲོངས་སུ་གྱུར་བར་ཤེས་རིག་ལས་ཁུངས་ཀྱིས་སེམས་གསོའི་འཕྲིན་ཡིག་ཕུལ།
ཕྱི་མ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དགུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
Menu