ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པ་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་རྒྱ་བལ་ནང་གི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པ་ཟླ་འདིའི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་གོང་ཚེས་བར་ཉིན་གྲངས་བདུན་རིང་འདུ་འཛོམས་གནང་བ་གོང་ཚེས་ཉིན་མཇུག་སྒྲིལ་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག དྷ་སྟེང་བོད་ཁྱིམ་སློབ་སྤྱི་གཙོས་པའི་འགན་འཛིན་རྣམ་པ་དང་། སློབ་གྲྭ་ཁག་གི་ཆོས་དགེ་རྣམ་པ་དང་དགེ་རྒན། དེ་བཞིན་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་བའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་བརྒལ་བ་ཚང་འཛོམས་གནང་ཡོད།
མཛད་སྒོའི་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་རིགས་ལམ་འདུ་འཛོམས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། དེ་རྗེས་སློབ་ཕྲུག་སྐུ་ཚབ་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་ཉི་མ་དང་སུ་ཇ་བོད་ཁྱིམ་གྱི་སློབ་མ་རིག་ཤེས་དབང་མོ་གཉིས་ནས་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་བྱས་པའི་ཉམས་མྱོང་གསུང་བཤད་གནང་། དེ་རྗེས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སློབ་ཕྲུག་ཚོར་དགའ་བསུ་དང་སྦྲགས་ཏེ་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་ཆོས་དགེ་རྣམ་པ་ཚོས་མགོ་མཇུག་བར་གསུམ་དུ་ཐུགས་འགན་བཞེས་ནས་ཐེངས་འདིའི་རིགས་ལམ་འདུ་འཛོམས་འདི་བཞིན་ཧ་ཅང་ཡག་པོ་བྱུང་འདུག སློབ་གྲྭ་ཁག་མང་པོ་ཡོད་ཁོངས་ནས་སློབ་གྲྭ་ཁག་ ༡༤ རིགས་ལམ་གྱི་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་སྟབས། སློབ་ཕྲུག་རྣམ་པ་དང་ཆོས་དགེ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལྟར་ཞུ་དགོས་དོན་ནི་རིགས་ལམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་ནས་ལོ་མང་ཕྱིན་ཡོད་ཀྱང་། ད་ལྟ་གཞི་ནས་སློབ་ཕྲུག་རྣམས་ལ་རྨང་གཞི་ལྟ་བུ་ཆགས་པ་དེ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྟར་འགྲུབ་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དགོས་དོན་ནི་ང་རང་ཚོ་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཡོད་པ། བོད་པས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པའི་ཁྱད་ཆོས་ཤིག་ཡིན་པ་དང་། ལྷག་པར་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོད་པ་མ་ཟད། འཕྲལ་ཕུགས་གཉིས་ལ་དགོངས་ནས་ལམ་སྟོན་མཛད་པ་དེ་བསྒྲུབ་ཐུབ་གྱི་ཡོད་སྟབས། རྨང་གཞི་ལྟ་བུ་འགྲུབ་ཐུབ་ཡོད་པ་དེ་ཡང་ཧ་ཅང་ཡག་པོ་རེད། ཅེས་གསུང་བཤད་གནང་།
   དེ་རྗེས་སློབ་ཁག་གསུམ་གྱི་སློབ་མ་གཉིས་རེ་ནས་དེང་རབས་ཀྱི་ཤེས་ཡོན་ཐོག་རྟགས་གསལ་བཏང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆོས་དགེ་དང་སློབ་མ་རྣམས་ལ་མཇལ་དར་དང་ཕྱག་ཁྱེར་གནང་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་འདི་གལ་ཆེན་པོ་ཡིན་པའི་བཀའ་སློབ་རིམ་པ་མང་པོ་ཕེབས་གནང་ཡོད་པ་དང་། དྲུག་ཅུ་རེ་གྲངས་ནས་གཏན་སློབ་ཁག་ལ་ཆོས་དགེ་བསྐོས་པ་དང་། ཕྱི་ལོ་ ༢༠༠༡ ལོར་༸གོང་ས་མཆོག་གིས་རིགས་ལམ་སློབ་རྒྱུ་དེ་གལ་ཆེན་པོ་ཞིག་ཡིན་པ་དང་། གལ་སྲིད་དྲུག་ཅུ་རེ་གྲངས་ནས་བཀའ་སློབ་ལམ་སྟོན་གཞིར་བཟུང་རིགས་ལམ་ཐོག་ཤུགས་བསྐྱོན་ཡོད་ན་ཡར་རྒྱས་གང་ཙམ་ཕྱིན་ཡོད་ངེས་རེད། ཉེ་བའི་ལོ་ཤས་ནས་བཟུང་སློབ་ཕྲུག་ཁྱེད་རང་ཚོས་འབད་བརྩོན་གནང་བ་དང་། ལྷག་པར་ཆོས་དགེ་རྣམ་པས་སྐུ་ལས་བསྐྱོན་པར་བརྟེན། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་ཁྲིད་དེ་བཞིན་ཡར་རྒྱས་ཀྱི་རྣམ་པ་འདུག་ཅེས་གསུངས་ཡོད། གཙོ་བོ་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སླད་ཁོང་གི་བཀའ་དགོངས་གཞིར་བཟུང་ང་ཚོས་བསྒྲུབ་ཐུབ་པ་ཡིན་ན། ཚེ་འདི་ཕྱི་གཉིས་ལ་བསོད་ནམས་གསོག་རྒྱུ་དེ་ལས་ལྷག་པ་གང་ཡང་མེད།
སློབ་ཕྲུག་ཚོས་དུས་རྒྱུན་དུ་དགེ་རྒན་ཚོས་སློབ་ཁྲིད་གནང་བ་གཅིག་པུར་ཆ་འཇོག་བྱས་ཏེ་ངག་རྒྱུགས་སྤྲད་པ་ཙམ་མ་ཡིན་པར། ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོག་ཞིབ་དང་ཧ་གོ་དགོས་པ་རེད། དོགས་འདྲི་གང་མང་ཡོད་པའི་ཐོག་ནས་དཔྱད་ཞིབ་ཀྱི་སློབ་སྦྱོང་བྱ་དགོས་པ་གལ་ཆེན་པོ་ཡིན་ཞེས་དང། ཡང་ཁོང་གིས་ཨིན་སྐད་ནང་Discription འགྲེལ་བརྗོད་ཙམ་དང་། Discriptive analysis གནས་ཚུལ་གང་ཡིན་པ་དེ་འགྲེལ་བརྗོད་ཙམ་གྱི་དཔྱད་ཞིབ་མིན་པར་ Critical analysis རིགས་པས་དཔྱད་ཞིབ་ཀྱི་ཐོག་ནས་གནས་ལུགས་གང་དང་གང་ཡིན་མིན་གྱི་རྣམ་དཔྱོད་མཁས་པའི་རིག་པར་འབད་བརྩོན་བྱ་དགོས་པ་ཡིན། དགེ་རྒན་རྣམ་པས་སློབ་གཞི་མ་ཁྲིད་གོང་སློབ་མ་ཚོས་ཁྲིད་བྱའི་སློབ་གཞི་དེའི་ཐོག་སྔོན་ཚུད་ནས་རྟོག་ཞིབ་དང་རིགས་པའི་ལམ་ནས་གྲ་སྒྲིག་བྱེད་དགོས་པ་ཡིན།
 འཛིན་གྲྭ་དང་སློབ་ཁྲིད་གང་གི་སྐབས་སུའང་དོགས་དྲི་ཡོད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ནས་སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་གི་བུད་མེད་ཀྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་འབད་བརྩོན་ཆེ་ཆེར་གནང་མཁན་གྱི་བུད་མེད་གྲགས་ཅན་ཨེ་ལེན་ནོ་རོ་སི་ཝེལ་ Eleanor Roosevelt ལགས་ཀྱི་གསུང་འགའ་ལུང་འདྲེན་གནང་པའི་ནང་། རྣམ་དཔྱོད་ཡངས་པའི་མི་ཞིག་ཡིན་ན་ག་དུས་ཡིན་ཡང་རྒྱལ་ཁབ་དང་མི་མང་། དེ་བཞིན་སྤྱི་ཡོངས་ཀྱི་འཆར་སྣང་ཐད་བསམ་བློ་གཏོང་བ་དང་དེའི་སྐོར་དགོངས་པ་བཞེས་ཀྱི་རེད། བྱས་ཙང་སློབ་ཕྲུག་ཁྱེད་རང་ཚོ་སོ་སོའི་མི་ཚེ་བསྐྱལ་བ་ཙམ་མིན་པར་ང་རང་ཚོ་བོད་ཀྱི་རྩ་དོན་རྩོད་རྒྱུའི་ལས་འགན་ཆེན་པོ་ཞིག་ཡོད་སྟབས། ཚང་མས་རིག་པས་རྩལ་ཡོངས་སུ་རྫོགས་པ་བེད་སྤྱོད་བྱས་པའི་ཐོག་ནས་ཤེས་ཡོན་ཐད་འབད་བརྩོན་བྱོས་ཤིག་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པས་ཐུགས་རྗེ་ཆེ་ཞུས་ཏེ་ལས་རིམ་ལེགས་པར་མཇུག་སྒྲིལ། །

སྔོན་མ།
ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་བ།
ཕྱི་མ།
བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བ།
Menu