ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༦ ནས་ཕྱི་ཟླ་ ༡༡ ཚེས་ ༩ བར་ཉིན་གྲངས་ ༢༥ རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བོད་ཀྱི་ཟློས་གར་ཚོགས་པར་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས་ལགས་དང་། བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། ཤེས་རིག་ཤེས་ཡོན་ལྷན་ཚོགས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་གྱི་རྒན་བློ་བཟང་བསམ་གཏན་ལགས། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པ་དང་། གཏན་ཉིན་སློབ་གྲྭ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཟློས་དགེ་གྲངས་ ༣༡ གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ཙམ་འདུ་འཛོམས་གནང་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་སྐོར་ངོ་སྤྲོད་དང་སྦྲགས། ཟབ་སྦྱོང་གོ་སྒྲིག་གནང་དགོས་པའི་དགོས་དམིགས་དང་། དེ་བཞིན་ཉིན་གྲངས་ ༢༥ རིང་གི་ཉིན་རེའི་དུས་ཚོད་ཀྱི་འཆར་འགོད་ཇི་ཡོད། ཐེངས་དེའི་ཟབ་སྦྱོང་ནང་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ཀྱི་དགེ་རྒན་གྲངས་ ༡༢ དང་། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་དགེ་རྒན ༤ སམ་བྷོ་ཊའི་ཁྱབ་ཁོངས་དགེ་རྒན་ ༡༠ བལ་ཡུལ་སྤོག་ར་ནས་དགེ་རྒན་ ༡ ཀེལ་མན་ཊོན་དོན་གྲུབ་གླིང་ནས་དགེ་རྒན་ ༡ ན་ནིང་ཟློས་དགེ་འོས་སྦྱོང་ཐོན་ཞིང་སྒུག་མཐོའི་ནང་ཡོད་པའི་ཟློས་དགེ་ ༣ བཅས་ཁྱོན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཟློས་དགེ་གྲངས་ ༣༡ ཡོད་པ་དང་། དེ་བཞིན་ཟབ་སྦྱོང་གི་དམིགས་ཡུལ་བཞིན་ཟློས་དགེ་རྣམས་ཁེ་ལས་པའི་ངོ་བོའི་ཐོག་གོང་མཐོར་གཏོང་བར་ཟབ་སྦྱོང་འདིར་བཅར་བ་ཞིག་ཡིན་སྟབས། ཟབ་སྦྱོང་ནང་དུས་ཚོད་སྟངས་འཛིན་གནང་རྒྱུ་དང་། ཟབ་སྦྱོང་གྲུབ་རྗེས་གྲུབ་འབྲས་མངོན་རྒྱུ་ཡོད་པ་ཞིག་གནང་རོགས་ཅེས་གཞེན་སྐུལ་ཡང་གནང་སོང་།
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དེང་སྐབས་གཞོན་སྐྱེས་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་ཐོག་དོ་སྣང་དང་། དགའ་མོས་ཆེན་པོ་བྱེད་བཞིན་པ་འདི་ཟློས་དགེ་ཚོས་བྱས་རྗེས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རིག་གཞུང་དེ་ཉིད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཤེས་རིག་ལས་ཁུངས་ཀྱིས་དེ་ལྟ་བུའི་ཟབ་སྦྱོང་གོ་སྒྲིག་གནང་བ་དེ་རླབས་ཆེན་གྱི་བྱ་གཞག་ཞིག་ཡིན་པ། དེ་དང་ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ལ་གནད་དོན་གསུམ་ཐོག་འབོད་སྐུལ་ཞུས་ཡོད་པའི་ནང་དང་པོ་ཟབ་སྦྱོང་དེ་ལྟ་བུ་དུས་ཚོད་མང་ཙམ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། གཉིས་པ་ཚོགས་པའམ་སློབ་གྲྭ་གང་ཞིག་ཡིན་རུང་ནུས་པ་མཉམ་སྤུང་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དེར་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ། སྦྱང་བརྩོན་གནང་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན་ང་རང་ཚོའི་རིག་གཞུང་བཟང་པོ་འདི་རིག་གསར་དང་མཐུན་པའི་སྒོ་ནས་ནུས་པ་སྤེལ་རྒྱུར་གཟིགས་རྟོགས་གནང་དགོས་ཀྱི་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་དང་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ནི་བོད་ཀྱི་རིག་གཞུང་གཅེས་འཛིན་བྱེད་མཁན་གྱི་ངོ་བོ་གཅིག་ཡིན་པར་བརྟེན་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་ནུས་པ་མཉམ་སྤུང་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་གསུང་བཤད་གནང་སོང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཚན་དགེ་རྒན་བློ་བཟང་བསམ་གཏན་ལགས་ཀྱིས་སྦྱོང་བརྡར་དངོས་གཞི་དང་འབྲེལ་བའི་ཐོག་ནས་དེ་སྔོན་དགེ་རྒན་ཚོར་ཟབ་སྦྱོང་གང་དང་གང་གནང་ཡོད་པ་དང་། དེ་བཞིན་ཟབ་སྦྱོང་དེ་དག་གི་ཕན་ནུས་ཇི་བྱུང་། དེ་བཞིན་ཐེངས་འདིའི་ཟབ་སྦྱོང་ཉིན་གྲངས་ ༢༥ རིང་པི་ཝང་དང་། འབའ་གཞས་པི་ཝང་། དེ་བཞིན་དལ་ཆེན་གྱི་རྒྱུད་སྐུད་རྒྱུད་སྟངས་སོགས་མདོར་ན་པི་ཝང་གཅིག་པུ་དང་འབྲེལ་བའི་ཐོག་ནས་སློབ་ཁྲིད་གནང་རྒྱུ་ཡིན་པར་བརྟེན། དགེ་རྒན་ཚོས་ཟབ་སྦྱོང་གི་འགྲོ་གྲོན་དང་དགོས་དམིགས་གཞིར་བཟུང་བསྒྲུབ་རྒྱུའི་ཆེད་ཧུར་ཐག་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་ཐོག ཟབ་སྦྱོང་འདིའི་འཆར་གཞི་དང་དམིགས་ཡུལ་བཀོད་པ་གཞིར་བཟུང་དགེ་རྒན་རྣམ་པ་ཚོས་ཧུར་ཐག་གནང་རོགས་ཅེས་དང་། ང་ཚོ་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ཁ་རྒྱུན་དུ་འབོད་སྲོལ་ཡོད་པ་བཞིན། རིག་གནས་ཚང་མ་གལ་ཆེ་ཆུང་གཅིག་པ་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ཟློས་གར་དེ་བཞིན་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་ཟློས་གར་ཞེས་ཟེར་སྐབས། ངག་ནས་གླུ་དབྱངས་ལེན་པ་དང་། ལག་པས་རོལ་མོ་དཀྲོལ་བ། ལུས་ཀྱི་གར་སྟབས་བཅས་ཀྱི་སྒོ་ནས་རིག་གཞུང་གི་རྣམ་པ་མངོན་པར་བརྟེན་ཧ་ཅང་གལ་ཆེན་པོ་ཡིན། སྤྱིར་ཤེས་རིག་ལས་ཁུངས་ངོས་ནས་ཀྱང་དགེ་རྒན་གྱི་ལས་གཞི་དེ་ཧ་ཅང་གི་གནད་དོན་གལ་ཆེ་བ་ཞིག་ལ་བརྩིས་བཞིན་ཡོད།
དེ་བཞིན་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གྲོས་ཚོགས་ཐོག་ནས་དགེ་རྒན་ཚོར་དམིགས་བསལ་ཆེ་མཐོང་བྱ་དགོས་པ་སོགས་ཀྱི་གནད་དོན་མང་པོ་ཡོད། དགེ་རྒན་རྣམ་པ་ཚོས་མ་འོངས་བོད་ཀྱི་སོན་རྩའི་རྣམ་དཔྱོད་གོང་མཐོར་གཏོང་བར་ཁ་ཕན་ཚིག་ཕན་གྱི་ལམ་ནས་གཞས་དང་ཞབས་བྲོ་གཅིག་པུ་སློབ་ཁྲིད་བྱེད་པ་ཙམ་མིན་པར་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ང་ཚོར་གསུང་པའི་ཡ་རབས་བཟང་སྤྱོད་ཅེས་པ་དེ་སློབ་དགོས་པའི་འགན་རྐང་བཞེས་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་མི་ཚོར་བཀའ་སློབ་མང་པོ་སྩལ་བའི་ཁྲོད་ནས་ཁོང་གི་བཀའ་སློབ་དེ་ངས་ལྡན་པ་བཞི་ཞེས་པ་ཞིག་ལ་བསྡོམས་ཚིག་བརྒྱབ་ནས་ཤོད་ཀྱི་ཡོད། ལྡན་པ་བཞི་དེ་གང་རེད་ཞུས་ན། ཡ་རབས་བཟང་སྤྱོད་དང་ལྡན་པ། བྱམས་སྙིང་རྗེ་དང་ལྡན་པ། ལྷག་བསམ་རྣམ་དཔྱོད་དང་ལྡན་པ། དྲང་བདེན་དང་ལྡན་པ། བཅས་བཞི་པོ་དེ་ཡིན། དེར་བརྟེན་དགེ་རྒན་རྣམ་པ་ཚོས་སོ་སོའི་སློབ་ཕྲུག་ཚོར་དྲན་སྐུལ་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན།
དེ་བཞིན་ཟློས་དགེ་ཚོས་སློབ་ཕྲུག་ཚོར་སློབ་ཁྲིད་གནང་སྐབས་སྒྲ་དབྱངས་གཅིག་པུ་ངོ་སྤྲོད་བྱས་པ་ཙམ་མིན་པར་སྒྲ་དབྱངས་དེའི་ཚིག་དོན་དང་། ཚིག་དོན་དེའི་རྒྱབ་ལྗོངས་གང་ཡིན་སོགས་ངོ་སྤྲོད་གནང་བའི་ཐོག་ནས་སློབ་ཕྲུག་ཚོའི་རྒྱུད་ལ་བོད་པའི་རིག་གཞུང་བཟང་པོ་འཇགས་ཐབས་གནང་གལ་ཆེ་བ་ཡིན། ཟབ་སྦྱོང་དེའི་རྒྱུད་ནས་རྣམ་པ་ཚོར་ཤེས་རྟོགས་ཐུབ་པ་དེ་དག་སློབ་ཕྲུག་ཚོའི་ཆེད་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་སློབ་ཁྲིད་གནང་རོགས་གནང། སོ་སོ་ངོས་ནས་ལྷག་བསམ་རྣམ་དག་བྱས་པ་ཡིན་ན་སློབ་ཕྲུག་ཚོས་ཀྱང་བརྩེ་བ་དང་གུས་ཞབས་རང་བཞིན་གྱི་ཡོང་ངེས་རེད། ཆེ་མཐོང་ཟེར་བ་དེ་སོ་སོ་རང་ཉིད་དཔེ་བླངས་ནས་ཆེ་མཐོང་ཚུར་ཐོབ་རྒྱུ་ཞིག་ལས། སྤམ་པོ་དང་རྫིགས་པོ་བྱས་ནས་ཆེ་མཐོང་ཐོབ་རྒྱུ་གང་ཡང་མེད། སོ་སོ་ངོས་ནས་ལྷག་བསམ་རྣམ་དག་བྱས་པ་ཡིན་ན་རང་བཞིན་གྱི་ཆེ་མཐོང་ཞིག་ཡོང་ངེས་ཡིན། ཞེས་གསུང་བཤད་གནང།
 དེ་རྗེས་ཤེས་རིག་སྲོལ་རྒྱུན་ཚན་པའིི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས། དེང་སྐབས་བོད་པའི་སློབ་ཕྲུག་རྣམས་ཟློས་གར་གྱི་རིགས་ལ་དོ་དབྱིངས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ཟློས་དགེ་ཚོས་དོ་དབྱིངས་དེའི་བརྒྱུད་ནས་བོད་པའི་རིག་གཞུང་མང་པོ་ཞིག་སློབ་མའི་སེམས་ཁམས་ནང་འཇགས་ཐབས་གནང་གལ་ཆེ་བའི་གཞེན་སྐུལ་གྱི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་ལྷན་འདྲ་དཔར་མཉམ་སྒྲོན་གནང་སྟེ་ལས་རིམ་མཇུག་སྒྲིལ། །

སྔོན་མ།
བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པར་འབྲེལ་མཐུད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་།
ཕྱི་མ།
ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།
Menu