ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་ཟབ་སྦྱོང་འགོ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་ཁག་གཅིག་ལ་ཟབ་སྦྱོང་འགོ་འཛུགས་གནང་།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་ཟབ་ཁྲིད་བ་ཨུ་ཤཱ་མུ་ཀུན་དཱ་ལགས་ (Usha Mukunda) དང་སུ་ཇཱ་ཏ་ལགས། (Sujata Noronh) རྡ་སྟེང་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་བསམ་དཀར་བསོད་ནམས་སྒྲོལ་དཀར་ལགས། འགན་འཛིན་དངོས་གྲུབ་དབང་འདུས་ལགས། སློབ་སྤྱི་རྣམ་གྲོལ་བཀྲ་ཤིས་ལགས། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་དང་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། འབྲེལ་ཡོད་ལས་བྱེད་དང་། སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་བཅས་ཁྱོན་མི་གྲངས་ ༣༠ ལྷག་ཙམ་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་བ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་ཞུས། དེ་རྗེས་ཟབ་ཁྲིད་པ་ཨུ་ཤཱ་མུ་ཀུན་དཱ་ལགས་དང་སུ་ཇཱ་ཏ་ལགས་ཀྱིས་ཟབ་ཁྲིད་དང་འབྲེལ་བའི་ལས་དོན་སྐོར་གསུང་བཤད་གནང་བ་དང། སྐུ་མགྲོན་གཙོ་བོས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་མཐར་ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་གི་དངོས་གཞིའི་མཛད་སྒོ་གྲུབ་བསྟུན་ཟབ་སྦྱོང་དབུ་འཛུགས་གནང་།
    ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་གི་ཟབ་སྦྱོང་འདིར་ཟབ་ཁྲིད་ཨུ་ཤཱ་མུ་ཀུན་དཱ་ལགས་དང་སུ་ཇཱ་ཏ་ལགས་ཀྱིས་ཟབ་ཁྲིད་གནང་རྒྱུ་ཡིན་པ་དང། ཐེངས་འདིའི་ཟབ་སྦྱོང་ནང་སམ་བྷོ་ཊའི་སློབ་གྲྭ་ཁག་དང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ཀྱི་སློབ་གྲྭ་ཁག་ནས་དཔེ་མཛོད་དོ་དམ་པ་ ༢༢ ཙམ་མཉམ་ཞུགས་གནང་ཡོད།

སྔོན་མ།
གཞི་རིམ་བར་མའི་ཨིན་ཇིའི་སྐད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།
ཕྱི་མ།
ཡིད་སྐྱོའི་གནས་ཚུལ།
Menu