ཟླ་རེའི་གསར་འགྱུར།

གཏན་འབེབས་བརྡ་ཆད་སྦྱང་རྩལ་ཕུལ་བྱུང་བྱ་དགའ།

གསར་འཕྲིན།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་ཤས་གོང་བརྡ་ཆད་གཏན་འབེབས་ལས་འཆར་ཆེད་འཛུགས་ཀྱིས་ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་ལྔ་འགྲེམས་སྤེལ་ཟིན་པ་རྣམས་ལ་སྤྱི་ཚོགས་དང་སློབ་ཕྲུག་སོགས་ནས་དོ་སྣང་དང་ཐ་སྙད་རྣམས་ཁྱབ་སྤེལ་ལ་རམ་འདེགས་ཀྱི་ནུས་པ་གོང་སྤེལ་ཆེད། དྷ་ས་ཉེ་འཁོར་སློབ་གྲྭ་ཁག་བདུན་ནས་འཛིན་རིམ་བདུན་པ། བརྒྱད་པ། དགུ་པ། གསུམ་གྱི་སློབ་ཕྲུག་ཆིག་སྟོང་ཉེ་བ་མཉམ་ཞུགས་ཀྱིས་སློབ་གྲྭ་སོ་སོའི་རིམ་པར་ལས་རིམ་ཁག་གསུམ་བརྒྱུད་དེ་རྩེ་ཕུད་སློབ་ཕྲུག་གཉིས་རེ་འདེམས་སྒྲུག་བྱས་པ་རྣམས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༦ ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭར་མཉམ་འཛོམས་ཀྱིས་སློབ་ཕྲུག་བཞི་བརྒྱ་ཙམ་དང་དགེ་ལས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་བཅས་ཀྱི་མདུན་སར་ལས་རིམ་མཐའ་མའི་སྐབས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་མ་ལྷག་བསམ་དོན་ཡོད་ལ་ཕུལ་བྱུང་བྱ་དགའ་དང་པོ་དང༌། འཛིན་གྲྭ་དགུ་པའི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལ་གཉིས་པ། ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བརྒྱད་པའི་སློབ་མ་རིག་འཛིན་ཕུན་ཚོགས་ལ་གསུམ་པ་ཐོབ། ད་རེས་མཐའ་མའི་ལས་རིམ་སྐབས་མང་མཐར་ཨང་གྲངས་ ༡༦༢ ཐོབ་སྲིད་པ་ནས་མཐོ་ཤོས་ ༡༤༠ དང༌། དམའ་ཤོས་ ༦༥ ཐོབ་འདུག
    མཐའ་མའི་ལས་རིམ་ནང་ཞུགས་ཐུབ་མཁན་སློབ་ཕྲུག ༡༤ ཁོངས་སུ་འཛིན་གྲྭ་དགུ་པ་ ༥ བརྒྱད་པ་ ༦ བདུན་པ་ ༣ བཅས་བྱུང་འདུག སུ་ཇཱ་བོད་ཁྱིམ་ནས། ཐུབ་བསྟན་སྒྲོལ་མ། སྒྲོལ་དཀར་དབྱངས་སྐྱིད། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས། ལྷག་བསམ་དོན་ཡོད། བསྟན་འཛིན་ཆོས་དབྱིངས། དྷ་ཤོད་བོད་ཁྱིམ་ནས། བསྟན་འཛིན་པ་སངས། བདེ་སྐྱིད་དབང་མོ། གོ་པཱལ་པུར་བོད་ཁྱིམ་ནས། བསྟན་འཛིན་ཉི་མ། བསྟན་འཛིན་འཕྲིན་ལས། ཅོན་ཏ་ར་བོད་ཁྱིམ་ནས། བློ་བཟང་རབ་རྒྱས། ཚེ་རིང་ལྷ་མོ། ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ་ནས། རིག་འཛིན་ཕུན་ཚོགས། འགྱུར་མེད་ལྷ་མོ། དྷ་སྟེང་བོད་ཁྱིམ་ནས། ཤེས་རབ་དབང་མོ། བསྟན་འཛིན་ཟླ་གསལ། བཅས་ཁྱོན་བསྡོམས་སློབ་ཕྲུག་བོུ་ ༨ བུ་ ༦ འདུག ལས་རིམ་གོ་སྒྲིག་དང་ལག་བསྟར་བྱེད་མཁན་ཤེས་རིག་རྩོམ་སྒྲིག་ཚན་པ་ཡིན་པ་བཅས་ཀྱི་གསར་གནས། །
 

སྔོན་མ།
༄༅། །འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་རྣམ་བཤད་ཤེས་རབ་མིག་འབྱེད།
ཕྱི་མ།
དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།
Menu