ཟླ་རེའི་གསར་འགྱུར།

གཏན་སློབ་ཁག་གི་རེག་ཊར་དང་སྨན་ཞབས། བུ་དང་བུ་མོའི་ཉལ་ཁང་དོ་དམ་པ་སློབ་ཕྲུག་བདེ་འཇགས་དང་འབྲེལ་བའི་ཟབ་སྦྱོང།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་དབུས་བོད་སློབ་འཛིན་ཚོགས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་གཏན་སློབ་ཁག་དྲུག་གི་རེག་ཊར་དང་སྨན་ཞབས། བུ་དང་བུ་མོའི་ཉལ་ཁང་དོ་དམ་པར་སློབ་ཕྲུག་བདེ་འཇགས་དང་འབྲེལ་བའི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཕྱི་ལོ་༢༠༡༣ ཟླ་ ༡ ཚེས་༡༤ ཕྱེད་ཡོལ་ཆུ་ཚོད་༢།༠༠ ཐོག་ཚོགས་ཡོད་པ་དང༌།
    མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། ཤེས་རིག་གི་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་སོགས་ཚང་འཛོམས་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ད་ལན་དབུས་བོད་སློབ་འཛིན་ཚོགས་ནས་རེ་སྐུལ་ཞུས་དོན་ལྟར། གཏན་སློབ་ཁག་གི་སློབ་ཕྲུག་བདེ་འཇགས་དང་འབྲེལ་བའི་ཟབ་སྦྱོང་འདི་ཕྱི་ཟླ་༡ ཚེས་༨ ནས་༡༤ བར་སློབ་ཁག་གི་རེག་ཊར་༥ དང་སྨན་ཞབས་༤ བུ་དང་བུ་མོའི་ཉལ་ཁང་དོ་དམ་པ་༧ བཅས་ཁྱོན་མི་གྲངས་༡༦ ལ་ཉིན་དྲུག་རིང་བཟང་སྤྱོད་དང་ཉེས་རྡུང་གི་སྐྱོན་གནད། འགོ་ནད་སྔོན་འགོག བུད་མེད་ཀྱི་འཕྲོད་བསྟེན། སྨྱོས་རྫས་ངན་འགོག་ངོས་འཛིན་དང་འགོག་ཐབས། སློབ་གྲྭའི་ནང་རྩོད་རྙོག་ངོས་འཛིན་དང་ཞི་ཐབས། དམིགས་བསལ་ཤེས་ཡོན། སློབ་ཕྲུག་ནང་ཁུལ་གཉའ་གནོན་སྔོན་འགོག ས་ཡོམ་དང་མེ་སྐྱོན་སོགས་བྱུང་བའི་འཇིགས་པ་ལས་སྐྱོབ་ཐབས། ཁྱོན་ཡོངས་ཀྱི་ཤེས་ཡོན་དང་དགེ་ལས་ཀྱི་དོན་དམ་ལས་འགན་བཅས་བརྗོད་གཞི་སྣ་ཚོགས་ཐོག་སློབ་འཁྲིད་གནང་ཡོད་པ་མ་ཟད། གཏན་སློབ་ཀྱི་ཤེས་ཡོན་དང་སྒྲིག་སྤྱོད་གཙང་གསུམ་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་གོ་བསྡུར་སྦྱངས་བཤད་ཞུས་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས།
    དེ་རྗེས་ས་རཱ་མཐོ་སློབ་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་སློབ་ཕྲུག་རྣམས་བཟང་སྤྱོད་དང་ལྡན་པ། རང་མི་རིགས་ཀྱི་ལ་ཞེན་ཡོད་པ། ༸གོང་ས་མཆོག་གི་བཀའ་སློབ་དང་དཔེ་དེབ་མཁོ་སྒྲུབ་ཀྱིས་སློབ་མ་རྣམས་ལ་ལམ་སྟོན། དགེ་ལས་སོ་སོས་སློབ་སྦྱོང་རྒྱུན་ལྡན་གནང་དགོས་པ་སོགས་ལམ་སྟོན་གསུང་བཤད་གནང། དེ་ནས་ཟབ་སྦྱོང་གི་སྐུ་ཚབ་མ་སུ་རི་རེག་ཊར་དངོས་གྲུབ་ནོར་བུ་ལགས་དང་རྡོར་གླིང་རེག་ཊར་དོན་གྲུབ་ཤཱསྟྲི་ལགས། མོན་གྷོ་གཏན་སློབ་སྨན་ཞབས་བསོད་ནམས་ཉི་སྒྲོན་ལགས་བཅས་ཀྱིས་ཟབ་སྦྱོང་གི་མྱོང་ཚོར་གསུང་བཤད་གནང༌།
    དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་གྱིས་ཟབ་སྦྱོང་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང༌ལྷན་མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་བའི་ནང་། ཟབ་སྦྱོང་གི་དགོས་དམིགས་དང་མཐུན་པར་ཟབ་སྦྱོང་རིང་ཤེས་ཡོན་གང་ཐོས་པ་དང་། གང་ཤེས་པ་རྣམས་སློབ་གྲྭ་ཁག་ཏུ་ཕེབས་ནས་ལག་ལེན་བསྟར་མ་ཐུབ་ན་ཕན་འབྲས་མེད་པར་བརྟེན། ཚང་མས་ལག་བསྟར་ཚུལ་བཞིན་གནང་གལ་ཆེ་བའི་སྐོར་དང༌། སློབ་ཕྲུག་གསོ་སྐྱོང་དང་འབྲེལ་བའི་སྐོར་ལ་ཐོག་མར་སློབ་ཕྲུག་གི་དཀའ་ངལ་གང་ཡིན་ངོས་འཛིན་ཐུབ་པར་དགོས། དེ་ནས་དཀའ་ངལ་གྱི་རྒྱུ་རྐྱེན་གང་ཡིན་འཚོལ་ཞིབ་ཀྱིས་སེལ་ཐབས་ལ་བརྩོན་ནས་མཐར་དཀའ་ངལ་དང་བྲལ་བའི་འགོག་བདེན་ལྟ་བུ་མངོན་དུ་བྱ་དགོས་པ་སོགས་གནས་སྟངས་གང་དང་གང་ཡིན་པ་རྣམས་བདག་ཅག་གི་སྟོན་པས་ལེགས་པར་གསུངས་པའི་བདེན་བཞི་དང་སྦྱར་ནས་བསམ་གཞིགས་ཐུབ་ཚེ་དཀའ་ངལ་སེལ་མ་ཐུབ་པ་དང༌། གྲུབ་འབྲས་སོན་མ་ཐུབ་པ་ཞིག་གཏན་ནས་མེད་པའི་སྐོར། ལྷག་པར་དགེ་ལས་སོ་སོས་སློབ་ཕྲུག་གི་མིག་སྔའི་ན་བཟའ་མཆོད་སྟངས་སོགས་སྒོ་གསུམ་གྱི་སྤྱོད་པ་མིག་དཔེ་སྟོན་ཐུབ་པ་ཞིག་ངེས་པར་དུ་གནང་དགོས་སྐོར་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང༌ཡོད།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་རྣམས་དང༌། ཚོགས་ཡུལ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་གཙོས་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས། །
 

སྔོན་མ།
བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་།
ཕྱི་མ།
སྦེང་ལོར་ཝེ་ལི་སློབ་གྲྭར་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཉམས་གསོག་ལས་འཆར་སྤེལ་བ།
Menu