ཟླ་རེའི་གསར་འགྱུར།

གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༡༣ ། རེས་གཟའ་སྤེན་པའི་ཉིན། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གོ་སྒྲིག་འོག བྱང་ཤར་རྡོར་གླིང་ཁུལ་གྱི་གཏན་སློབ་ཁག་གསུམ་དང་དགོན་པ་གཅིག་བཅས་ཀྱི་སློབ་མའི་ནང་ཁུལ་བོད་ཡིག་གི་མིང་ཚིག་དག་ཆ་འགྲན་སྡུར་གྱི་ལས་འགུལ་ཞིག་རིག་གཞུང་གཅེས་སྐྱོང་ཁང་དེའི་ཚོགས་ཁང་ནང་སྤེལ་ཡོད་འདུག།
    དག་ཆའི་འགྲན་སྡུར་དེའི་ཁྲོད་འབྲུག་གསང་སྔགས་ཆོས་གླིང་དགོན་པ་དང་། རྡོ་རྗེ་གླིང་གཏན་སློབ། སོ་ན་མདའ་གཏན་སློབ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་བཅས་གཏན་སློབ་ཁག་གསུམ་བཅས་མཉམ་ཞུགས་བྱས་ཏེ། མིང་ཚིག་བརྒྱད་ཅུ་དཔོད་བྲིས་ཀྱི་དག་ཆ་འགྲན་སྡུར་བྱས་པ་དང། འགྲན་སྡུར་དེའི་ནང། ཨང་དང་པོ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་པའི་སློབ་ཕྲུག་སྐལ་བཟང་རྣམ་རྒྱལ་དང་། ཨང་གཉིས་པ། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་པའི་སློབ་མ་ཀུན་བཟང་ཆོས་འཕེལ་གཉིས་ལ་ཐོབ། ཨང་གསུམ་པ་གཉིས་བྱུང་བའི་ཁྲོད། འབྲུག་གསང་སྔགས་ཆོས་གླིང་གི་དགེ་འདུན་པ་བཤད་སྒྲུབ་རྒྱ་མཚོ་དང། སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་བཞི་པའི་སློབ་ཕྲུག་བདེ་ཆེན་སྒྲོལ་མ་གཉིས་ལ་ཐོབ་འདུག ཨང་ཐོབ་མཁན་རྣམས་ལ་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངོས་ནས་བྱ་དགའ་ཕྱག་ཁྱེར་བཅས་སྩལ་ཏེ། བོད་ཡིག་གི་དག་ཆ་འགྲན་སྡུར་དེ་བདེ་ལེགས་ངང་མཇུག་གྲུབ་ཡོད་འདུག 
    འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི། ཕྱི་ལོ་ ༡༩༨༨ ལོར་ཐོག་མར་དབུ་བརྙེས་ཤིང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་གནས་པའི་རིག་གཞུང་བསྟི་གནས་ཤིག་ཡིན་པ་དང་། རིག་གཞུང་གཅེས་སྐྱོང་ཁང་འདིས་བོད་ཀྱི་ཆོས་རིག་མི་ཉམས་རྒྱུད་འཛིན་ལ་དམིགས་ཏེ་ལོ་ལྟར་བྱེད་སྒོ་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་པའི་ཁྲོད་ད་རེས་ཀྱི་དག་ཆ་འགྲན་སྡུར་འདི་ཡང་དེའི་ཆ་ཤས་ཤིག་ཡིན་འདུག་པའི་གནས་ཚུལ་བཅས།

གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྦོང་སམ་བྷོ་ཊ་གཏན་སློབ་ཀྱི་བོད་དགེ་རྡོ་རྗེ་རིན་ཆེན།

སྔོན་མ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
ཕྱི་མ།
འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཨ་རིའི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་རྩེ་ཕུད་ཁག་ཅིག་གིས་བོད་མིའི་ཤེས་ཡོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རྣམ་པ་བསྟན་པ།
Menu