ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་བཀོད་སྒྲིག་འོག ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༡༠ ནས་༢༡ བར་ཉིན་གྲངས་བཅུ་གཉིས་རིང། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་སྐད་ཡིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་འོག་བོད་མིའི་སློབ་གྲྭ་ཟུར་འཛུགས་དང། དེང་རབས་དང་མཐུན་པའི་བོད་ཡིག་སློབ་ཁྲིད་དང་སློབ་དེབ་བཟོ་འགོད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ། སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཁག་ལ་བསྐྱར་ཞིབ་རིམ་པར་གནང་ཞིང། ཕྱི་ལོ་༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་བསླབ་གཞིའི་རྩ་འཛིན་བཟོ་འགོད་བྱས་ཏེ།  དེ་ལ་རྩ་འཛིན་གྱིས་གཞི་རིམ་འོག་མ་དང་བར་མའི་སློབ་དེབ་གཏན་འབེབས་ཟིན་སློབ་གྲྭ་ཁག་ལག་ལེན་བསྟར་བཞིན་པ་ཡིན།
ཐེངས་འདིའི་གཏན་འབེབས་ཚོགས་འདུ་སྟེང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་།  དྲུང་གཞོན་བསོད་ནམས་བཟང་པོ་ལགས་དང། དྷ་སྟེང་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས། སུ་ཇཱ་བོད་ཁྱིམ་གྱི་རྒན་བསྟན་འཛིན་ཆོས་སྐྱབས་ལགས། གོ་པལ་པུར་བོད་ཁྱིམ་གྱི་བོད་དགེ་ཚེ་རིང་བཀྲ་ཤིས་ལགས།  སྤོན་ཊ་སམ་བྷོ་ཊ་གཏན་སློབ་ཀྱི་བོད་དགེ་སྐལ་བཟང་ཆོས་སྒྲོན་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་ལགས་དང།  དགེ་འདུན་དོན་ཡོད་ལགས་བཅས་ལྷན་འཛོམས་ཐོག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་བསྒྲིགས་པའི་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་དེབ་རགས་ཟིན་སྟེང་གོ་བསྡུར་སྦྱང་བཤད་ཀྱིས་གོ་བསྡུར་ལྷུག་པོ་གནང་སྟེ་སྣོན་འཕྲི་སྤོར་གཅོག་བྱས་ནས་གཏན་འབེབས་གནང་།
    འདི་ལོ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་ཀྱིས་གཏན་འབེབས་ཟིན་པ་གསལ་བསྒྲགས་བྱས་མཚམས། འཆར་ལོའི་སློབ་དུས་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་འཁེལ་ཡོད་པ་བཅས།

སྔོན་མ།
སྔོན་འགྲོ་དགེ་རྒན་འོས་སྦྱོང་གི་དབུ་འབྱེད་གནས་ཚུལ།
ཕྱི་མ།
ཕྱི་ལོ་ ༢༠༡༦ སློབ་དུས་རིང་གཏན་ཉིན་སློབ་གྲྭ་ཁག་ནང་རིགས་ལམ་རྒྱུས་སྟོན་ལས་འཆར་སྤེལ་བ།
Menu