ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བོད་ཡིག་བསླབ་གཞི་རྩ་འཛིན་དང་སློབ་དེབ་གཏན་འབེབས།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་བཀོད་སྒྲིག་འོག ཕྱི་ལོ་༢༠༡༣ ཟླ་༨ ཚེས་༢༧ ནས་༢༩ བར་ཉིན་གསུམ་རིང། ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་གཏན་འབེབས་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།    ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་འོག་བོད་མིའི་སློབ་གྲྭ་ཟུར་འཛུགས་དང། དེང་རབས་དང་མཐུན་པའི་བོད་ཡིག་སློབ་ཁྲིད་དང་སློབ་དེབ་བཟོ་འགོད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ། སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཁག་ལ་བསྐྱར་ཞིབ་རིམ་པར་གནང་ཞིང། ཐེངས་འདིའི་བསླབ་གཞིའི་རྩ་འཛིན་གཏན་འབེབས་དང་། སློབ་དེབ་བསྐྱར་ཞིབ་ཀྱི་ལས་རིམ་འདི་ནི། ཕྱི་ལོ་༢༠༠༤ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང། གཞི་རིམ་སློབ་དེབ་ཡོངས་སུ་རྫོགས་པར་བསྐྱར་ཞིབ་གནང་བའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག
    ཉིན་གསུམ་གྱི་བསྐྱར་ཞིབ་ཚོགས་འདུའི་རིང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་མཆོག་གིས་གཙོས། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཚན་པའི་འགན་འཛིན། སློབ་དེབ་རྩོམ་སྒྲིག་པ། འབྲེལ་ཡོད་སློབ་གྲྭ་ཁག་གི་གཞི་རིམ་གོང་མའི་བོད་ཡིག་དགེ་རྒན་བཅས་ཚོགས་མི་བཅུ་ཚོགས་ཞུགས་བྱས་ཡོད།
    ཐེངས་འདིའི་ཚོགས་འདུ་བརྒྱུད་གཞི་རིམ་གོང་མའི་བོད་ཡིག་བསླབ་གཞིའི་ནང་དོན་དང། ཁྱད་པར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན། གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་སློབ་སྟོན་གནང་ཕྱོགས་ཀྱི་གལ་གནད་ངོས་འཛིན། བྱེད་ཐབས་གཏན་འབེབས། སློབ་དེབ་དང་འབྲེལ་བའི་གནད་དོན་ཐོག་གོ་བསྡུར་དང་གྲོས་འདོན་ལྷུག་པོ་གནང་ཡོད་འདུག
    ཐེངས་འདིར་གཏན་འབེབས་ཟིན་པའི་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་བསླབ་གཞིའི་རྩ་འཛིན་དེ་ཉིད་བཀའ་ཤག་ལ་མཐའ་མའི་གཏན་འབེབས་སླད་འབུལ་རྒྱུ་དང། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་དེ། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ལ་མཐའ་མའི་གཏན་འབེབས་སླད་འབུལ་རྒྱུ་ཡིན་པའི་གནས་ཚུལ་བཅས།
 

སྔོན་མ།
དགེ་འོས་བ་རྣམས་ལ་ཀེལ་རོག་དགེ་འོས་གཙུག་ལག་སློབ་ཁང་དུ་སྦྱོང་བརྡར་སྤྲད་པ།
ཕྱི་མ།
བོད་སློབ་ཁག་ཏུ་མདུན་ལམ་སློབ་སྟོན་པ་སྐོར་བསྐྱོད་ཀྱི་ལམ་སྟོན་གནང།
Menu