ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་གཞི་ཁག་གཉིས་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་དང་དཔལ་ན་ལེནྡྲ་གཉིས་པར་གྲགས་པ་འབྲས་སྤུངས་བློ་གསལ་མཁས་མང་བྱེ་བའི་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ ཚེས་ ༧ བར་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་ ༧ བར་རྒྱ་གར་བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་བཅས་ཀྱི་ལས་གཞི་ཁག་གཉིས་མཇུག་སྒྲིལ་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་འབྲས་སྤུངས་བློ་གསལ་མཁས་མང་བྱེ་བའི་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། གཞན་ཡང་སྐུ་མགྲོན་དུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་དང་ཤེས་ཡོན་དང་འབྲེལ་བའི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས། མོན་གྷོ་གཞིས་གྲོང་གསུམ་པ་དང་དྲུག་པའི་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་བཅས་ཕེབས་གནང་ཡོད།

མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་རིགས་ལམ་དང་འབྲེལ་བའི་ལས་གཞི་ཁག་གཉིས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་གསལ། སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་གྱི་ལས་རིམ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ལས་བྱུང་བ་ཞིག་ཡིན་ལ། ལྷག་པར་རིགས་ལམ་བརྒྱུད་སློབ་ཕྲུག་ཚོའི་རིག་པར་སྦྱོང་བརྡར་སྤྲོད་རྒྱུ་དང་སློབ་ཚན་གཞན་དང་གཞན་ལ་སློབ་གཉེར་ཐུབ་ཐབས་བྱ་རྒྱུ་ནི་ཕུགས་ཀྱི་རེ་བ་ཁོ་ན་དེ་ཡིན་སྟབས། སློབ་གྲྭ་ཁག་ལ་ལྟ་གྲུབ་དགེ་རྒན་སོ་སོས་འབད་འབུངས་ཧུར་བསྐྱེད་གང་ལེགས་གནང་བཞིན་ཡོད་ཀྱང་། དེ་ཐོག་དམིགས་བསལ་ནུས་པ་འདོན་ཐབས་སུ་ཤེས་རིག་ལས་ཁུངས་ནས་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འདི་བཞིན་ཕྱི་ལོ་ ༢༠༡༢ ནས་འགོ་བཙུགས་གནང་བ་དང་། འདས་པའི་ལོ་ཤས་ནས་ཚན་རིག་དང་རྩིས་རིག་དགེ་རྒན་རྣམས་ལ་རིགས་ལམ་གྱི་རྨང་གཞི་འཛུགས་རྒྱུའི་ལས་རིམ་ལག་བསྟར་ཟིན་པ་མ་ཟད། ད་ལན་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་ ༡༧ མཉམ་ཞུགས་ཐུབ་པ་རྣམས་ཀྱང་རིགས་ལམ་ཐོག་ཆེད་མངགས་དུས་ཚོད་བཏང་སྟེ་སྦྱོང་བརྡར་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ཀྱང་། ང་ཚོས་དུས་ཚོད་དམ་འཛིན་གྱིས་ཉིན་རེའི་ལས་རིམ་བཀོད་སྒྲིག་ཇི་ཞུས་ལ་སློབ་ཕྲུག་དང་དགེ་རྒན་མཉམ་ཞུགས་པ་ཚང་མས་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་ཉིན་མཚན་ལྟོས་མེད་དུ་འབད་བརྩོན་གང་ལེགས་གནང་ཡོད་པ་དང་། ལྷག་པར་ལས་གཞི་ཚུགས་ཡུལ་གདན་ས་ཆེན་པོ་ཞིག་ཡིན་སྟབས། དགེ་རྒན་ཟབ་སྦྱོང་བ་དང་སློབ་ཕྲུག་རྣམས་ཀྱི་རྩོད་ཟླར་མཚན་ཉིད་དམ་རིགས་ལམ་གྱི་འགྲོ་སྟངས་ཤེས་མཁན་གྱི་དགེ་འདུན་པ་མང་པོ་ཞིག་གདན་ཞུས་ཐུབ་པ་དེས་ཀྱང་མཉམ་ཞུགས་པ་དགེ་རྒན་གྲངས་ ༣༥ དང་སློབ་ཕྲུག་ ༡༡༣ ལ་སྦྱོང་བརྡར་ཡག་པོ་བྱུང་ཡོད་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་།

དེ་ནས་དམིགས་བསལ་སྐུ་མགྲོན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་གསུང་དོན། ཐོག་མར་ས་གནས་འདིར་དགེ་རྒན་དང་སློབ་ཕྲུག་རྣམ་པའི་རིགས་ལམ་དང་འབྲེལ་བའི་ལས་གཞི་ཁག་གཉིས་གོ་སྒྲིག་གནང་རྒྱུ་ཡིན་སྐོར་ཐོས་མ་ཐག་དགའ་པོ་བྱུང་བ་དང་། མ་འོངས་པར་སློབ་གྲྭ་ཁག་ནང་རིམ་པས་རིགས་ལམ་བརྒྱུད་སློབ་ཁྲིད་ཐུབ་པ་ཞིག་བྱུང་ན་སློབ་ཕྲུག་ཚོའི་བསམ་བློའི་ནུས་རྩལ་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཅེས་དང་།  གཞན་ཡང་ཁོང་གིས་༸གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་བཀའ་སློབ་ཁག་གཅིག་ལུང་འདྲེན་གནང་སྟེ། འདི་ནས་གང་སྦྱངས་པ་རྣམས་སློབ་གྲྭ་ཁག་ལ་ཕྱིར་ཕེབས་ཏེ་ལག་བསྟར་འཁེལ་ཐུབ་པ་བྱུང་ན། མ་འོངས་པར་སློབ་ཕྲུག་བརྒྱ་ཕྲག་མང་པོར་ཕན་ཐོགས་ཡོང་རྒྱུ་དང་། བློ་གསལ་གླིང་གྲྭ་ཚང་གིས་ཐེངས་འདིའི་རིགས་ལམ་དང་འབྲེལ་བའི་ལས་གཞི་ཙམ་མ་ཡིན་པར། དེ་སྔ་ཡང་ཤེས་ཡོན་དང་འབྲེལ་བའི་ལས་གཞི་མང་པོར་མཐུན་འགྱུར་གནང་བ་ལྟར། སླད་མར་ཡང་མུ་མཐུད་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་། ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་དང་སྦྲགས་དགེ་རྒན་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། སྤྱིར་འདི་གར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་མང་པོ་ཚོགས་ཡོད་ཀྱང་། ད་ལན་གྱི་ཟབ་སྦྱོང་འདི་རིགས་ལམ་དང་འབྲེལ་བའི་ཟབ་སྦྱོང་ཡིན་སྟབས་དམིགས་བསལ་གྱིས་དགའ་པོ་བྱུང་། འདས་པའི་ལོ་བཅུ་ཕྲག་ཁ་ཤས་སྔོན་ཙམ་ལ་སློབ་གྲྭ་ཁག་ཏུ་ལྟ་གྲུབ་དགེ་རྒན་ནམ་ཆོས་དགེས་སློབ་ཁྲིད་གནང་བའི་སློབ་ཚན་ལ་སློབ་ཕྲུག་ཚོའི་དོ་སྣང་དང་ལྟ་སྟངས་དེ་ཙམ་ཡག་པོ་མེད་ཀྱང་། ད་ཆ་ལྟ་གྲུབ་དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སློབ་ཚན་ལ་སློབ་ཕྲུག་ཚོས་དོ་སྣང་དང་གལ་འགངས་ཆེན་པོར་བརྩིས་ཏེ་སྦྱང་བརྩོན་གནང་བ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པས་ཡག་པོ་རེད། དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དང་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་གཉིས་ཀྱི་གནས་ཚུལ་གང་འཚམས་རྒྱུས་ལོན་བྱུང་བ་དང་། ལྷག་པར་དགེ་རྒན་གྱི་རིགས་ལམ་རྩོད་རྒྱུགས་སྐབས་ངས་ཆུ་ཚོད་གཅིག་ཙམ་ལྟ་ཞིབ་བྱས་པ་ཡིན། ཁྱེད་རྣམ་པས་ཟབ་སྦྱོང་རིང་སྒྲིག་ལམ་ཀུན་སྤྱོད་དང་སྦྱང་བརྩོན་ཡག་པོ་གནང་བར་བརྟེན། ཟབ་སྦྱོང་གི་དུས་ཡུན་ཐུང་ཐུང་ནང་རིགས་ལམ་ཐོག་སྦྱོང་བརྡར་ཡག་པོ་ཐོབ་འདུག

རིགས་ལམ་སྦྱངས་པ་ཡིན་ན་སློབ་ཚན་ཅི་འདྲ་ཞིག་ཡིན་རུང་རིགས་པ་འགོད་སྟངས་ཡག་པོ་ཆགས་པ་དང་། ཁང་པའི་རྩིག་རྟེན་སྲ་བརྟན་བྱུང་ན་ཐོག་རྩེག་ཇི་དགོས་བརྩིག་ཆོག་པ་ལྟར། རིགས་ལམ་ནི་ཁང་པར་ཆ་བཞག་ན་རྩིག་རྟེན་ལྟ་བུ་ཡིན། རིགས་ལམ་ཡག་པོ་ཆགས་ན་རིག་པ་གཅིག་རྩེག་ཉིས་རྩེག་བྱེད་པར་དཀའ་ངལ་དེ་ཙམ་མེད། འཇང་དགུན་ཆོས་སྐབས་གདན་ས་ཁག་གི་དགེ་འདུན་པ་ཕན་ཚུན་གཞུང་ཆེན་བཀའ་པོད་ལྔའི་བརྗོད་གཞི་འདྲ་མིན་ཐོག་རིགས་ལམ་མམ་རྟགས་གསལ་གྱི་ལམ་ནས་རྩོད་པ་ཁོ་ན་རྒྱག་གི་ཡོད་པ་ལྟར། སློབ་གྲྭ་ཁག་ལའང་དེ་དང་འདྲ་བའི་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་འགོ་འཛུགས་གནང་བ་དེས་ངེས་པར་དུ་ཕན་ཐོགས་ཆེན་པོ་ཡོང་གི་རེད། འདི་གར་བཞུགས་རིང་གྲྭ་ཚང་གི་མཐུན་འགྱུར་ཞུ་ཕྱོགས་ཐོག་ནས་ཅུང་ཟད་མ་འཐུས་མ་འགྲིགས་པ་རིགས་བྱུང་ཡོད་ན་བཟོད་གསོལ་ཞུ་རྒྱུ་ཡིན། དགེ་རྒན་དང་སློབ་ཕྲུག་ཚང་མས་འདི་གར་རིགས་ལམ་ཐོག་སྦྱོང་བརྡར་གནང་བའི་བཀྲ་ཤིས་ཀྱི་བྱ་བ་དེས་༸གོང་ས་མཆོག་ཐུགས་དགྱེས་པའི་རྒྱུ་རུ་གྱུར་ཏེ་ཁོང་སྐུ་ཚེ་ཡུན་རིང་དུ་བཞུགས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།

མཇུག་བསྡོམས་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་མཆོག་གིས་དགེ་རྒན་རིགས་ལམ་ཟབ་སྦྱོང་གི་ཟབ་ཁྲིད་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་རྣམ་གཉིས་ལ་མཇལ་དར་དང་། དགེ་རྒན་མཉམ་ཞུགས་གནང་མཁན་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་གྱིས་ལྟ་གྲུབ་དགེ་རྒན་རྣམས་ལ་མཇལ་དར་དང་སློབ་ཕྲུག་ ༡༡༣ ལ་མཇལ་དར་དང་ཕྱག་འཁྱེར་གནང་བ་དང་། གཞན་ཡང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཟབ་ཁྲིད་པ་གཉིས་དང་གོ་སྒྲིག་པ་བཅས་ལ་མཇལ་དར་དང་དམིགས་བསལ་ཕྱག་རྟགས། མཉམ་ཞུགས་པ་ཡོངས་ལ་དཔེ་ཁུག་དང་བདུག་སྤོས་བཅས་ཀྱི་ཕྱག་རྟགས་རྒྱ་ཆེ་གནང་།

མཐའ་དོན་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐེངས་འདིའི་རིགས་ལམ་དང་འབྲེལ་བའི་ལས་གཞི་ཁག་གཉིས་ཀྱི་གྲུབ་འབྲས་འདོད་བློ་ཚིམས་པ་དང་། མཉམ་ཞུགས་པའི་བཞུགས་གནས་དང་ཞལ་ལག་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བཅས་ཀྱི་རྒྱབ་ལྗོངས་སུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་འཛིན་སྐྱོང་སྤྱི་དང་། ལྷག་པར་ཐོག་མར་ལས་གཞི་གོ་སྒྲིག་སྐོར་འབྲེལ་བ་བྱུང་བ་ནས་བཟུང་མཐར་མཇུག་མ་བསྒྲིལ་བར་འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་དབང་ཕྱུག་ལགས་ཀྱིས་ཧ་ཅང་མཐུན་འགྱུར་ཡག་པོ་གནང་བར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་འགོ་ལས་ཡོངས་ལ་བཅོས་མིན་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་དུས་རྟག་ཏུ་ཤེས་རིག་ལས་ཁུངས་ལ་རིགས་ལམ་དང་འབྲེལ་བའི་ལས་གཞི་ཐོག་བཀའ་དྲིན་ཆེ་བའི་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་བློ་བཟང་རྒྱ་མཚོ་ལགས་དང་། དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་རྣམ་གཉིས་ནས་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་འདི་ཉིད་ལམ་ལྷོང་ཡོང་ཐབས་སུ་སྔ་རྗེས་མཐུན་འགྱུར་བཟང་པོ་གནང་བར་སློབ་ཁྲིད་གནང་མཁན་དང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས།གཞན་ཡང་སློབ་གྲྭ་ཁག་ ༡༤ ཡི་ལྟ་གྲུབ་དགེ་རྒན་རྣམ་པས་སྐུ་ངལ་འཛེམས་མེད་ཐོག་སོ་སོའི་སློབ་ཕྲུག་ལས་གཞི་འདི་ནང་མཉམ་ཞུགས་ཐུབ་པ་དང་། སློབ་ཕྲུག་ངོས་ནས་ཀྱང་དུས་ཚོད་དམ་འཛིན་གྱིས་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་ཡང་སློབ་གྲྭ་ཁག་ནང་རིགས་ལམ་གྱི་ལས་དོན་དབྱར་གྱི་ཆུ་བོ་ལྟར་རྒྱས་ཐབས་སུ་གདན་ས་གསུམ་གྱིས་གཙོས་པའི་ཆོས་སྡེ་གཞན་ནས་ཀྱང་མཐུན་འགྱུར་བཟང་པོ་གནང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་ཏེ་མཇུག་བསྡོམས་མཛད་སྒོ་མཇུག་བསྒྲིལ། །

སྔོན་མ།
དགེ་རྒན་གྱི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།
ཕྱི་མ།
བལ་ཡུལ་ཁུལ་དུ་སཱི་ཤེས་ཡོན་སློབ་གསོའི་གོ་རྟོགས་ཟབ་སྦྱོང་ལེགས་གྲུབ་ཟིན་པ།
Menu