ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།

གསར་འཕྲིན།

འདི་ཟླའི་ཚེས་ ༡༡ ནས་འགོ་བཙུགས་ཞུས་པའི་གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༩ ཉིན་མཇུག་བསྒྲིལ་ཡོད་འདུག མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲ་སྒྱུར་སྡེ་ཚན་གྱི་འགན་འཛིན་བློ་བཟང་ནོར་བུ་ཤཱསྟྲཱི་མཆོག་གདན་ཞུས་གནང་ཡོད་པ་དང་། ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྒྲོག་སྦྱང་ཞུ་དོན།    ཐེངས་འདིའི་ཟབ་སྦྱོང་ནང་གཙོ་བོར་སློབ་གྲྭ་ཁག་ནང་རིམ་པས་སློབ་ཚན་གཞན་ཁག་རིགས་ལམ་བརྒྱུད་སློབ་ཁྲིད་ཡོང་ཐབས་ལ་དམིགས་ནས་སུམ་རྟགས་རིགས་ལམ་བརྒྱུད་སློབ་ཁྲིད་གནང་ཐབས་ཀྱི་དཀའ་གནད་སྐོར་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་ནས་དཔར་བསྐྲུན་གནང་བའི་དཔེ་དེབ་འགྲེམས་སྤེལ་ཀྱིས་ཚོགས་ཐེངས་བཅུ་གཉིས་ལྷག་སློབ་ཁྲིད་དང་དྲི་བ་དྲིས་ལན་སོགས་ཀྱི་གོ་སྐབས་བྱུང་ཡོད་པ་དང་།    དེ་མིན་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་གནང་བའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སྐད་ཡིག་སློབ་དེབ་ཀྱི་ནང་དོན་ངོ་སྤྲོད་དང་འབྲེལ་སློབ་དགེ་རྣམས་ཀྱི་དོགས་དྲི་ཁག་ལ་ལན་འདེབས་སོགས་གང་ལེགས་བྱུང་བ་དང་། གཞན་ཡང་སློབ་དགེ་ནང་ཁུལ་རྩོམ་རིག་གཙོ་བོར་གྱུར་པའི་བརྡ་སྤྲོད་སོགས་བརྗོད་གཞི་འདྲ་མིན་ཐོག་དགེ་རྒན་རེ་རེ་ནས་སྐར་མ་ ༢༥ ལྷག་མཉེན་ཆས་པ་ཝར་པོ་ཨིནྚ་བརྒྱུད་སློབ་ཁྲིད་བརྗེ་རེས་གནང་བ་རྣམས་ཕྱོགས་བསྡོམས་ཀྱིས་སློབ་དགེ་ཚང་མར་འགྲེམས་སྤེལ་ཞུས་ཏེ། དེ་སྔ་ཡིན་ན་སློབ་གྲྭ་ཁག་ནང་རིགས་ལམ་སློབ་རྒྱུ་སྐུ་ངལ་ཡིན་ཚུལ་གླེང་གི་ཡོད་རུང་ད་ལྟའི་ཆར་སློབ་གྲྭ་ཁག་གི་ནང་རིགས་ལམ་གནས་ཚད་གང་ལེགས་འགྲོ་བཞིན་ཡོད་པ་རྣམས་མུ་མཐུད་གནང་ཐབས་དགོས་གལ་སོགས་གསུངས། དེ་ནས་ཟབ་སྦྱོང་བ་ཡོངས་ཀྱི་ཚབ་ཞུས་ཏེ་བལ་ཡུལ་རྣམ་རྒྱལ་འབྲིང་སློབ་དགེ་བཀྲ་ཤིས་ཚེ་བརྟན་ལགས་དང་དྷ་ཤོད་བོད་ཁྱིམ་དགེ་ཕུར་བུ་སྒྲོལ་མ་གཉིས་ཀྱིས་མྱོང་ཚོར་གསུང་བཤད་སྐབས་ཐེངས་འདིའི་ཟབ་སྦྱོང་བརྒྱུད་རིགས་ལམ་གྱི་དཀའ་གནད་ཤེས་རྟོགས་དང་སློབ་ཁྲིད་ཐབས་ལམ་སོགས་བློ་བསྐྱེད་ཆེན་པོ་བྱུང་ཡོད་པའི་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན་དུ། བོད་ནང་རྒྱ་ནག་གུང་ཁྲན་གྱིས་བོད་ཀྱི་རྩ་ཆེའི་རིག་གཞུང་རྣམས་ཉམས་གུད་དུ་གཏོང་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད་སྟབས། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་བཟང་པོ་རྣམས་སྲུང་སྐྱོབ་བམ་རྒྱུན་འཛིན་གནང་གལ་མ་ཟད། རིགས་ལམ་གྱི་ཐད་དེང་སང་སླར་ཡང་སློབ་གྲྭ་ཁག་ནང་འབད་བརྩོན་ལག་བསྟར་ཞུ་བཞིན་པ་ནི་ཧ་ཅང་གིས་གལ་ཆེན་པོ་ཞིག་རེད། རིགས་ལམ་ཞེས་པ་ནི་རང་རེའི་རྒྱུན་ལྡན་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་དེའི་ནང་བེད་སྤྱོད་ཡོད་པ་ཞིག་དང་། དེ་བརྒྱུད་ལས་དོན་གྱི་གྲུབ་འབྲས་ལའང་གཏིང་ཟབ་ལོས་སོགས་ཀྱི་ཧེ་བག་ཡོང་ངེས་ཡིན། དགེ་རྒན་གྱི་ལས་འགན་ནི་སློབ་ཕྲུག་གི་རྒྱུད་ལ་ཤེས་ཡོན་སློབ་གསོ་བསྐྲུན་རྒྱུ་ཙམ་མིན་པར་དེའི་ཞོར་ལ་རང་ཉིད་ཀྱི་གནས་ཚད་ཀྱང་སྔར་ལྷག་ཡར་རྒྱས་གཏོང་བའི་གོ་སྐབས་བཟང་ཤོས་ཤིག་ཡིན། དགེ་རྒན་ཞིག་ཡིན་པའི་ཆ་ནས་སྐྱོ་ངལ་སྤངས་ཤིང་སྙིང་རྗེ་དང་ཕན་འདོད་ཀྱི་བསམ་པ་དང་ལྡན་དགོས་ལ། མེ་ཏོག་གསོ་སྐྱོང་ལེགས་ཉེས་ཇི་ཙམ་ཡོང་མིན་ལྡུམ་ར་བར་རག་ལུས་པ་བཞིན་སློབ་ཕྲུག་གི་ཤེས་ཡོན་ཡང་དགེ་རྒན་ཁོ་ནར་རག་ལུས་པར་བརྟེན་དགེ་ལགས་རྣམས་ནས་སྔར་ལྷག་སེམས་ཤུགས་བསྐྱེད་དགོས་པ་ཡིན།  གནའ་སྔ་མོར་སློབ་པ་ལམ་གྱི་གནས་སྐབས་སུ་རྩི་ཤིང་འདེབས་ལས་དང་ཟམ་པ་འཛུགས་པ་སོགས་སྤྱི་དོན་གྱི་ལས་ཀ་སྣ་ཚོགས་ཀྱང་ཞོར་ལ་སྒྲུབ་ཀྱི་ཡོད་ཀྱང་། ད་ལྟའི་ཆར་གནས་ཆུང་འཕྲིན་སྐུལ་ནང་། ལས་འབྲས་མ་སྲུང་སྤྱི་དོན་རས་སུ་བོར། །ཞེས་པ་ལྟར་ང་ཚོ་བོད་པ་མི་སྒེར་གྱི་འཚོ་བའི་གནས་སྟངས་གང་ཅིའི་ཐོག་ནས་ཡར་རྒྱས་འགྲོ་བའི་ཁར་སྤྱི་དོན་གྱི་ལས་ལ་འཐུས་ཤོར་འགྲོ་ཉེན་མཐོང་གི་ཡོད་སྟབས་ངེས་པར་དུ་འདི་ཐད་བསམ་བློ་ཞིག་གཏོང་དགོས་པ་ཡིན། དེ་བཞིན་གོང་དུ་ཟབ་སྦྱོང་སྐུ་ཚབ་ཁག་གཉིས་ཀྱིས་མྱོང་ཚོར་གསུངས་པ་གཞིར་བཟུང་ལག་བསྟར་དོན་འཁྱོལ་ཡོང་བ་ཞིག་གནང་དགོས་སྐོར་གསུངས།
  མཐའ་དོན་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། རྒྱུན་ལྡན་ལྟར་ཐེངས་འདིའི་ཟབ་སྦྱོང་ཡང་ཚགས་ཚུད་མཇུག་སྐྱོང་ཐུབ་ཐབས་སུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཙོས་པའི་དགེ་ལས་ཡོངས་ནས་མཐུན་འགྱུར་ཕུན་སུམ་ཚོགས་པར་བསྩལ་གནང་བ་དང་། དེ་མིན་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཟབ་སྦྱོང་ཚོགས་བཅར་བ་ཡོངས་ལ་སྐུ་ངལ་འཛེམ་མེད་ཐོག་ཟབ་སྦྱོང་ནང་ངོ་ཞུགས་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་མཇུག་བསྒྲིལ།

སྔོན་མ།
གཞི་རིམ་གོང་མའི་ཚན་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ལས་གཞི།
Menu