ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས ༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་།
སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་གཙོས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ཟབ་ཁྲིད་པ་མུམ་བྷེ་ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་གི་དགེ་རྒན་ཨ་མི་ན་ཅ་ར་ནི་ཡ་(Amina Charania) ལགས། དྷ་ས་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཁྱིམ། སམ་བྷོ་ཊ། བོད་སློོབ་འཛིན་ཚོགས་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་དང་། དེ་བཞིན་དྷ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་བཅས་ནས་གཞི་རིམ་བར་མའི་དགེ་རྒན་ ༣༨ དང་། ཤེས་རིག་གི་ལས་བྱེད་གཅིག སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་གཅིག་བཅས་ཁྱོན་མི་གྲངས་ ༤༠ ཐམ་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་རང་ཉིད་སྐོར་ངོ་སྤྲོད་མདོར་བསྡུས་རེ་གནང་།
དེ་ནས་ཟབ་ཁྲིད་པ་ཨ་མི་ན་ཅ་ར་ནི་ཡ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། སློབ་གྲྭ་སྡེ་ཁག་བཞི་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ནས་དགེ་རྒན་མང་པོ་ཞིག་འདིར་ཕེབས་ཡོད། ད་རེས་ཟབ་སྦྱོང་འདི་ཤེས་རིག་ལས་ཁུངས་ནས་གལ་ཆེ་དོན་ཆེར་བརྩིས་ཡོད། དེར་བརྟེན་རྣམ་པ་ཚོ་འདིར་ང་ཚོ་རེ་བ་བྱས་པ་བཞིན་མང་པོ་ཞིག་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག འཕྲུལ་ཆས་སྐོར་ངས་དེ་ཙམ་ཤེས་ཀྱི་མེད་སྟབས། རྣམ་པ་ཚོར་ལམ་སྟོན་རིགས་ཞུ་རྒྱུ་མི་འདུག འོན་ཀྱང་ང་ཚོའི་སློབ་གྲྭ་ཁག་གི་ནང་དེང་དུས་འཕྲུལ་ཆས་དང་མཐུན་པའི་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་ཤེས་རིག་ལས་ཁུངས་ནས་ཨ་རི་རོགས་ཚོགས་ཀྱི་ཆ་ཤས་ནང་དངུལ་འབོར་ཆེན་པོ་ཞིག་ ICT ལས་གཞིའི་ཁོངས་བཞག་ཡོད། ང་ཚོས་ཐོག་མར་སློབ་གྲྭ་ཁག་བཞི་ལ་ལས་འཆར་དབུ་འཛུགས་ཞུ་ནས་ཚོད་ལྟ་ལྟ་བུ་བྱེད་ཀྱི་ཡོད། ལས་འཆར་འདི་ཡག་པོ་བྱུང་བ་ཡིན་ན། རིམ་པས་སློབ་གྲྭ་ཁག་མང་པོ་ཞིག་ལ་རྒྱ་སྐྱེད་བྱེད་རྒྱུའི་འཆར་གཞི་ཡོད། མ་འོངས་པར་ལས་གཞི་འདི་ཉིད་ཚགས་ཚུད་ཡོང་དང་མི་ཡོང་། གྲུབ་འབྲས་ཇི་ཐོན་ད་རེས་ཟབ་སྦྱོང་འདིར་ཕེབས་པའི་སློབ་གྲྭ་སྡེ་ཁག་བཞིའི་དགེ་རྒན་ཚོར་དམིགས་བསལ་འགན་ཆེན་པོ་ཞིག་ཡོད་ཅེས་ཞུ་རྒྱུ་ཡིན།
ད་རེས་ཟབ་སྦྱོང་དུ་ཕེབས་པ་ཙམ་མིན་པར་ཆེད་ལས་པས་ཟབ་ཁྲིད་གང་གནང་བ་ཡིན་ནའང་། དེའི་ཐོག་མཉམ་ཞུགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཟབ་ཁྲིད་སྐབས་མ་ཤེས་པའི་རིགས་གང་ཡོད་ནའང་བཀའ་འདྲི་ཞུས་ཏེ་གང་ལྟར་ཤེས་པར་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་རྣམ་པ་ཚོ་མ་ཤེས་པ་ཡིན་ན། སློབ་གྲྭའི་ནང་སློབ་ཕྲུག་ལ་སློབ་ཁྲིད་དང་ལམ་སྟོན་གནང་རྒྱུ་ཡོང་ཐབས་མེད། སྔོན་ལ་རྣམ་པ་ཚོ་ཧྲ་ཐག་ཐག་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། གོང་དུ་ཁྱད་སྟོན་མི་སྣ་ཨ་མི་ན་ཅ་ར་ནི་ཡ་ལགས་ཀྱིས་གསུངས་པ་ནང་བཞིན་ཉིན་གྲངས་བཞིའི་རིང་ཟབ་སྦྱོང་ཐོབ་རྗེས་མུ་མཐུད་དྲ་རྒྱའི་བརྒྱུད་སློབ་སྦྱོང་གནང་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཟབ་སྦྱོང་རྗེས་མུ་མཐུད་སྦྱོང་བརྡར་མ་བྱས་ན་ཕངས་པོ་རེད།
འདས་པའི་ལོ་གཅིག་གཉིས་ཙམ་གྱི་སྔོན་ལ་ང་ཚོའི་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་ Smart Class ཞེས་ངོ་སྤྲོད་གནང་ཡོད་པ་རེད། སློབ་གྲྭ་ཁག་གཅིག་གིས་བེད་སྤྱོད་ཡག་པོ་གཏོང་གི་ཡོད་ས་རེད། སློབ་གྲྭ་ཁག་གཅིག་གིས་བེད་སྤྱོད་ཡག་པོ་གཏོང་ཤེས་ཀྱི་མེད་ནའང་རེད། བེད་སྤྱོད་གཏོང་གི་མེད་པའི་གནས་ཚུལ་གོ་རྒྱུ་འདུག འདི་ཧ་ཅང་བློ་ཕམ་པའི་གནས་ཚུལ་རེད། Smart Class རེ་རེ་ལ་འགྲོ་གྲོན་ཧ་ཅང་ཕོན་ཆེན་པོ་བཏང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཐེངས་འདིའི་ཟབ་སྦྱོང་ཕྱི་ཟླ་ ༥ ཚེས་ ༢ ནས་ ༥ བར་ཉིན་བཞི་ཡིན་པ་རེད།

སྔོན་མ།
ཤེས་རིག་བརྡ་ཆད་ཚན་པས་དྲ་ཚིགས་དང་བརྡ་ཆད་དེབ་ཕྲེང་ ༡༡ དབུ་འབྱེད་གནང་།
ཕྱི་མ།
འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་འཇུག་རྒྱུས་སྟོན་ཐེངས་བཅུ་གསུམ་པ་ཚོགས་གནང་བ།
Menu