ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་ཨིན་ཇིའི་སྐད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དེང་རབས་ཚན་པ་དང་ (Tibetan Children’s Education Fund,USA) བོད་ཀྱི་ཐེབས་རྩ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཨིན་ཡིག་དགེ་རྒན་ཁག་གཅིག་ལ་གཞི་རིམ་བར་མའི་ཨིན་ཇིའི་སྐད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་ཟབ་ཁྲིད་བ་ས་ར་བྷག་ཀར་ཕིལ་ཌི་ལགས། (Sara Buckerfield) ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས།
    བོད་མིའི་ནེཧ་རུ་དྲན་རྟེན་ཐེབས་རྩའི་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། སློབ་ཁག་གི་ཨིན་ཡིག་དགེ་རྒན་བཅས་ཁྱོན་མི་གྲངས་ ༣༣ ཙམ་ལྷན་འཛོམས་ཐོག་ཤེས་ཡོན་དེང་རབས་ཚན་པའི་འགན་འཛིན་གྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་བ་རྣམས་ནས་རང་ཉིད་ངོ་སྤྲོད་གནང་གྲུབ་མཚམས་བོད་མིའི་ནེཧ་རུ་དྲན་རྟེན་ཐེབས་རྩའི་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ (TCEF) ཐེབས་རྩའི་འཛིན་སྐྱོང་འགན་འཛིན་གྱི་ཚབ་ཞུས་ཏེ་ཟབ་ཁྲིད་བ་ས་ར་བྷག་ཀར་ཕིལ་ཌི་ལགས་སུ་མཇལ་དར་འབུལ་རྗེས་ས་ར་བྷག་ཀར་ཕིལ་ཌི་ལགས་ཀྱིས་རང་ཉིད་ངོ་སྤྲོད་གནང་།
    དེ་ནས་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང། ཟབ་སྦྱོང་གི་མཛད་སྒོ་གྲུབ་བསྟུན་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་། 
    ཕྱི་ཚེས་ ༡༥ ནས་ ༡༨ བར་ཉིན་བཞིའི་རིང་གི་ཟབ་སྦྱོང་འདིར་ཟབ་ཁྲིད་བ་ས་ར་བྷག་ཀར་ཕིལ་ཌི་ལགས་ཀྱིས་བོད་མིའི་སློབ་གྲྭ་ཁག་གི་ནང་ཨིན་སྐད་སློབ་ཁྲིད་གནང་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ཟབ་ཁྲིད་གནང་རྒྱུ་དང། ཐེངས་འདིའི་ཟབ་སྦྱོང་ནང་སམ་བྷོ་ཊའི་སློབ་གྲྭ་ཁག་དང་། རྡ་ས་བོད་ཁྱིམ། མ་སུ་བོད་ཁྱིམ། བོད་མིའི་ནེཧ་རུ་དྲན་རྟེན་ཐེབས་རྩ་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ ༡༥ ནས་དགེ་རྒན་ ༢༥ ཙམ་མཉམ་ཞུགས་གནང་ཡོད་པ་བཅས།

སྔོན་མ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་གསུང་བཤད་གནང་།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་ཟབ་སྦྱོང་འགོ་འཛུགས་གནང་།
Menu