ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་མཇུག་བསྒྲིལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ནས་ཤེས་རིག་ལས་ཁུངས་ཀྱིས་ས་རཱ་མཐོ་སློབ་ཏུ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་སྤྲོད་བཞིན་པའི་འོས་སྦྱོང་པ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་འགོ་བཙུགས་གནང་བ་དེ་བཞིན་ཕྱི་ཚེས་ ༥ ཉིན་ཕྱི་དྲོ་མཇུག་བསྒྲིལ་ཡོད།
ཟབ་སྦྱོང་ཉིན་བཞི་རིང་དྷ་ས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་དེ་གའི་ཉམས་ཞིབ་པ་བསོད་ནམས་དབང་ཕྱུག་ལགས་རྣམ་གཉིས་ཀྱིས་གཞི་རྩའི་རྩོད་རྙོག་གི་གོ་དོན་དང་དེའི་ཐོག་གོ་བསྡུར་སྦྱངས་བཤད་དང་། བརྡ་ལན་གྱི་བརྒྱུད་རིམ་ཧུར་བསྐྱེད་ཀྱིས་ཉན་སྟངས་སྦྱོང་བརྡར། ཕྱེ་བ་དང་བཀག་པའི་ཐོག་ནས་བརྡ་ལན་བྱེད་ཕྱོགས་དང་དེ་འབྲེལ་གྱི་གཏམ་བརྗོད་ཐུང་ངུ་འཁྲབ་ཁྲིད་དང་། མང་གཙོའི་ཐོག་ནས་གཞི་རྩའི་སྒྲིག་གཞི་གཏན་འབེབས་གནང་སྟངས་སྐོར། གྱེན་ཕྱོགས་ཀྱི་རྩོད་རྙོག་འཕར་འགྱུར་སྐོར་གསལ་བཤད་དང་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་གནང་བ། རིགས་མཚུངས་(Stereotype)གསར་འགོད་ལྷན་ཚོགས་དང་འབྲེལ་ཏེ་སྦྱོང་བརྡར། མཉམ་རུབ་ཀྱི་ཐོག་ནས་ལས་དོན་གནང་ཕྱོགས་སྐོར། ནུས་ལྡན་གཏམ་བཤད་གནང་ཐབས་སྐོར། རང་འབྱུང་ཁོར་ཡུག་གི་དངོས་པོ་ཞིག་དང་སྦྲེལ་ཏེ་སོ་སོའི་ཁྱད་ཆོས་ངོ་སྤྲོད། གཞི་རྩའི་རྩོད་རྙོག་རྩོད་འདུམ་གྱི་སྒྱུ་རྩལ་དང་ཐབས་ལམ་སྐོར། འཚེ་བ་མེད་པའི་བརྡ་ལན་སྐོར་དང་བྱུང་རིམ། འཚེ་མེད་ཞི་བའི་བརྡ་ལན་གྱི་གྲུབ་ཆ་བཞི་དང་འབྲེལ་བའི་སྦྱོང་བརྡར་བཅས་གོང་གསལ་བརྗོད་གཞི་སྣ་མང་ཐོག་ངོ་སྤྲོད་འགྲེལ་བཤད་དང་། དངོས་སུ་གཏམ་བརྗོད་འཁྲབ་ཁྲིད་སོགས་ཀྱི་བྱེད་སྒོའི་ཐོག་ནས་སློབ་ཁྲིད་ཚགས་ཚུད་ལེགས་གྲུབ་བྱུང་བར་ཤེས་རིག་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཟབ་སྦྱོང་མཇུག་བསྒྲིལ།

སྔོན་མ།
ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་མི་འགྲོ་འདེམས་རྒྱུགས་གནང་བཞིན་པ།
ཕྱི་མ།
གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་།
Menu