ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༣ ནས་ ༢༧ བར་ཉིན་གྲངས་ལྔའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་བཞིན་ཡོད་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས།  དྷ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁྱོངས་སློབ་གྲྭ། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་བཅས་ནས་ཁྱོན་གཞི་རིམ་འོག་མའི་དགེ་རྒན་གྲངས་ཉི་ཤུ་རྩ་གསུམ་བཅས་ལྷན་འཛོམས་ཀྱིས་ཐོག་མར་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གི་རྒྱབ་ལྗོངས་ཁག་ངོ་སྤྲོད་གནང་།
དེ་ནས་ཟབ་ཁྲིད་པ་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས་ཀྱིས།  ཁྱེད་རྣམ་པས་ཕྲུ་གུ་ཚོར་བོད་ཡིག་སློབ་ཁྲིད་གནང་སྐབས་ཐབས་ལམ་དེ་དག་ཕྲུ་གུ་ཚོའི་བློ་ལ་བབ་པོ་ཞིག་ལག་བསྟར་གནང་ཐུབ་དགོས།  དེ་ལྟར་བྱུང་བ་ཡིན་ན་སློབ་ཕྲུག་རྣམས་ཀྱིས་ཕ་སྐད་ནང་ཡོད་པའི་བོད་ཡིག་ཀློག་དེབ་དེ་དག་དོ་དབྱིངས་ཆེན་པོས་ལྟ་ཀློག་བྱ་རྒྱུ་རེད། ཅེས་གསུངས།
ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གི་གལ་གནད་དང་། ཟབ་སྦྱོང་འདི་ཉིད་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་གནང་བཞིན་པའི་ལས་གཞི་གལ་ཆེ་བའི་གྲས་ཤིག་ཡིན་སྐོར་དང་། གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་རྒྱུ་དེའང་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས།
སྤྱིར་ཕྱི་ལོ་ ༢༠༡༣ ནས་བཟུང་ད་བར་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་ཐེངས་ ༢༤ གོ་སྒྲིག་གནང་བའི་ཁྲོད་རྒྱ་བལ་གཉིས་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༤༢༣ ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད།
ཟབ་ཁྲིད་གནང་མཁན་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས་ནི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཡིན་པ་དང་། ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས། །

སྔོན་མ།
རང་གི་རྒྱུན་སྤྱོད་ཀྱི་བསམ་བློ་དང་ལྷན་དུ་འགྲོ་མཁན་གྱི་སྐད་ཡིག་དེ་རང་སྐད་འཇོག་དགོས་པ་འདི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རིམ་ལྟ་གྲུབ་ཅིག་ཡིན།
ཕྱི་མ།
ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ།
Menu