ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་མཇུག་བསྒྲིལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ནས་ ༣༡ བར་དྷ་སྟེང་བོད་ཁྱིམ་དུ་ཚོགས་པའི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༣༡ ཉིན་མཇུག་བསྒྲིལ་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ཚོགས་ཕེབས་གནང་། ཟབ་སྦྱོང་བ་རྣམས་ཚོགས་འཛོམས་ཐོག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་གི་བཀའ་འཁྲོལ་འོག་མཛད་སྒོའི་ལས་རིམ་དབུ་འཛུགས་ཀྱིས། ཟབ་སྦྱོང་དུ་བཅར་བའི་དགེ་རྒན་ ༢༡༥ཡོད་པ་ལས་དགེ་རྒན་བུད་མེད་ ༡༤༠ དང་སྐྱེས་པ་ ༧༥ བྱུང་ཡོད་པ་དང་། ཉིན་ལྔའི་ཟབ་སྦྱོང་དུ་ཆེད་མཁས་མི་སྣ་སོ་སོས་བརྗོད་གཞི་གང་ཞིག་ཐོག་གསུང་བཤད་གནང་ཡོད་མེད་བཅས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲིད་ཆོས་ལགས་རྣམ་གཉིས་ནས་རེས་མོས་ཀྱིས་ཟབ་སྦྱོང་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་གསོལ་སྩལ་གནང་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་མཇུག་བསྡོམས་བཀའ་སློབ་ལམ་སྟོན་གནང་དོན་དུ། ད་ལན་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་ཚོགས་བཅར་བ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གཉིས་ཀྱི་གསུང་ཆོས་དང་ཉིན་གཅིག་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བསྐལ་པ་བཟང་པོ་ཞིག་ཡིན་པ་དང་། ཐེངས་འདིའི་ཟབ་སྦྱོང་དུ་བཅར་བའི་དགེ་རྒན་སྐྱེས་པ་ལས་བུད་མེད་ལྡབ་གཅིག་གི་མང་བ་ཡོད་པ་ནི། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་མཐུན་ཞིང་། རྩ་བའི་གཞི་རིམ་འོག་མའི་སློབ་ཕྲུག་གི་ལོ་ནའི་བབ་དང་འཚར་ལོངས་རང་བཞིན་གྱི་ཆ་ནས་བུད་མེད་དགེ་རྒན་དགོས་གལ་ཆེ་བ་ལྟར་དོན་ལའང་དེ་ལྟར་གནས་ཡོད་པ་ནི་ངེས་པར་དགའ་འོས་པར་སྙམ། རྒྱུན་མཚན་གང་ཡིན་ཞེ་ན་བུད་མེད་ནི་ཡོངས་གྲགས་སུ་སྐྱེས་པ་ལས་བྱམས་སྙིང་རྗེ་དང་བརྩེ་སེམས་དང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཅེས་དང་། ཡང་། སློབ་ཕྲུག་གི་ཤེས་ཡོན་སྤུས་ཚད་ཇི་ཙམ་བྱུང་མིན་ནི་གཙོ་བོ་དགེ་རྒན་ལ་ཐད་ཀར་རག་ལུས་པ་དང་། དགེ་རྒན་གྱི་ལས་ཀ་དོན་ཕན་ལྡན་པ་ཞིག་བྱུང་ཡིན་ན། མི་ཞིག་གི་མི་ཚེ་དང་། ཆེ་ས་ནས་བཤད་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག སྤྱི་ཚོགས་བཅས་ཀྱི་ཕན་གནོད་དང་འབྲེལ་ཡོད་སྟབས། ཆོས་དང་འཇིག་རྟེན་གང་ནས་བལྟས་ཀྱང་དགེ་བ་དང་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། དོན་ཕན་ལྡན་པ་ཞིག་མ་བྱུང་ན་ལྡོག་ཕྱོགས་ནས་འབྲས་བུ་སྨིན་གྱི་ཡོད་སྟབས། ཟབ་སྦྱོང་འདི་དང་ཉི་མ་དེ་རིང་ནས་བཟུང་སྟེ་དགེ་རྒན་ཡག་པོ་ཞིག་བྱེད་རྒྱུ་ཡིན་པའི་དམ་བཅའ་དགོས་སྐོར་དང་། ཤེས་རིག་ལས་ཁུངས་ཀྱི་ལས་འགན་ནི་སློབ་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཐོག་མཐུན་འགྱུར་སྦྱོར་སྤྲོད་བྱེད་རྒྱུ་དེ་ཆགས་ཡོད་པ་ལྟར། འདས་པའི་ལོ་ཤས་ནས་སྤྱིར་བོད་ཕྲུག་གི་ཤེས་ཡོན་སྤྱི་དང་ལྷག་པར་དུ་གཞི་རིམ་ཤེས་ཡོན་སྤུས་ཚད་ལྡན་པ་ཡོང་ཐབས་སུ་ལས་འཆར་སྣ་མང་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་པ་མ་ཟད། དགེ་རྒན་རྣམ་པས་ཀྱང་ད་ལན་ཟབ་སྦྱོང་འདི་ནས་བློ་བསྐྱེད་ཇི་བྱུང་དངོས་སུ་ལག་ལེན་བསྟར་ཐུབ་པ་ཞིག་དང་སོ་སོའི་ཁྱད་ལས་གོང་མཐོར་གཏོང་རྒྱུར་ཅི་ནས་འབད་བརྩོན་གནང་དགོས་སྐོར་གསུངས། དེ་དང་འབྲེལ་ཉེ་དུས་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཅི་ཞིག་སྤེལ་བཞིན་ཡོད་མེད་སྐོར་ངོ་སྤྲོད་གནང་།
མཐའ་མར་ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་དེ་མིན་སྐུ་མགྲོན་རྣམས་་མཛད་སྒོར་ཚོགས་ཕེབས་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཟབ་སྦྱོང་ཚོགས་བཅར་བ་རྣམས་ས་གནས་འདྲ་མིན་ནས་ཟབ་སྦྱོང་དུ་ངོ་ཞུགས་ཐུབ་པ་དང་། དེ་མིན་ཟབ་སྦྱོང་ཚགས་ཚུད་གོ་སྒྲིག་ཐུབ་པར་དྷ་སྟེང་བོད་ཁྱིམ་གྱི་དབུ་ལས་རྣམ་པར་ཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ།

སྔོན་མ།
སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་སྲིད་སྐྱོང་སློབ་ཡོན་ཐོབ་པའི་གསར་འགོད་གསལ་བསྒྲགས།
ཕྱི་མ།
རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་སྔ་ལས་ཕྲན་བུ་ཞན་དུ་ཕྱིན་འདུག
Menu