ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སྦྱོང་དེབ་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ ནས་ ༡༩ བར་ཉིན་བཞིའི་རིང་གཞི་རིམ་འོག་མའི་བོད་ཡིག་སྦྱོང་དེབ་རགས་ཟིན་བསྐྱར་ཞིབ་དང་གཏན་འབེབས་ཆེད་ཚོགས་འདུ་ཐེངས་གཉིས་པ་འཕགས་ཡུལ་ཧིམཱཅལ་ཀཱང་རཱ་རྫོངས་ཁོངས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་ཀྱིས་འཚོག་བཞིན་པ་དང་། ཐེངས་འདིའི་ཚོགས་འདུའི་རིང་གཞི་རིམ་འོག་མ་འཛིན་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བོད་ཡིག་སྦྱོང་དེབ་རགས་ཟིན་ཁག་ལ་བསྐྱར་ཞིབ་དང་འབྲེལ་མཐའ་མའི་གཏན་འབེབས་གནང་རྒྱུ་དང་། དེ་བཞིན་འཛིན་རིམ་བཞི་པ་དང་ལྔ་པའི་བོད་ཡིག་སྦྱོང་དེབ་རྩོམ་སྒྲིག་གནང་ཕྱོགས་ཇི་དགེའི་ཐོག་གོ་བསྡུར་ཞུ་གཏན་འཁེལ་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ནང་ཤེས་ལྷན་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་མཆོག་དང་། ཤེས་ལྷན་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དྲུང་ལས་བཀྲ་ཤིས་རྡོ་རྗེ་ལགས་དང་དྲུང་ལས་དགེ་འདུན་དོན་ཡོད་ལགས། སུ་ཇ་བོད་ཁྱིམ་གྱི་བོད་དགེ་འཇམ་མགོན་ལགས། དིལླཱི་བོད་ཁྱིམ་ཉིན་སློབ་ཀྱི་དགེ་ཆེ་མིག་དམར་ཚེ་རིང་ལགས། མེས་དབོན་དཔེ་སྟོན་སློབ་གྲྭའི་བོད་དགེ་པ་སངས་ཚེ་རིང་ལགས། ཅོནྟརཱ་བོད་ཁྱིམ་གྱི་བོད་དགེ་ཟླ་བ་མཚམས་གཅོད་ལགས། སྦེལ་ཀོབ་ཅོ་ཀུར་སཾ་བྷོ་ཊ་སློབ་གྲྭའི་བོད་དགེ་བསོད་ནམས་གཡུ་སྒྲོན་ལགས། དྷ་ཤོད་བོད་ཁྱིམ་གྱི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས་བཅས་མཉམ་ཞུགས་གནང་ཡོད།

སྔོན་མ།
མང་ཚོགས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བ།
ཕྱི་མ།
༄༅། །ལེགས་བཤད་འཕྲུལ་གྱི་དྲྭ་བ་བཞུགས།།
Menu