ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སྦྱོང་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༩ ནས་ཟླ་ ༥ ཚེས་ ༢ བར་ཉིན་བཞིའི་རིང་འདི་ག་ཤེས་རིག་ལས༌ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བསྒྲིགས་པའི་གཞི་རིམ་འོག་མ་འཛིན་རིམ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་གཉིས་ལ་སྦྱོང་དེབ་་རྩོམ་སྒྲིག་ཞུས་ཏེ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ་དེ་ས་རཱ་མཐོ་སློབ་ཏུ་ཚོགས།

ཚོགས་འདུ་དེར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་དང་། བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ཤེས་ལྷན་བོད་ཡིག་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱིས་བསྐོ་གཞག་གནང་བའི་དྷ་ས་བོད་ཁྱིམ་ཁྱབ་ཁོངས་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཀྱི་དགེ་ཆེ་མིག་དམར་ཚེ་རིང་ལགས་དང་། དྷ་ཤོད་བོད་ཁྱིམ་གྱི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས། ཅོན་ཏ་ར་བོད་ཁྱིམ་གྱི་བོད་དགེ་ཟླ་བ་མཚམས་གཅོད་ལགས་དང་། སཾབྷོ་ཊའི་བོད་སློབ་ཁྱབ་ཁོངས་ནས་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བོད་དགེ་པ་སངས་ཚེ་རིང་ལགས་བཅས་བསྐྱར་ཞིབ་ཚོགས་མི་རྣམ་པ་བཅས་ཚོགས་ཞུགས་གནང་ཡོད།

ཉིན་བཞིའི་རིང་ལ་འཛིན་རིམ་བཞི་པ་དང་ལྔ་པའི་སྦྱོང་དེབ་གཉིས་ཀྱི་རགས་ཟིན་སྟེང་གོ་བསྡུར་སྦྱང་བཤད་ཀྱིས་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབས་ལེགས་གྲུབ་ཟིན་པ་དང་། རིང་མིན་ཕྱི་ཟླ་ ༧ པའི་ནང་པར་སྐྲུན་ཞུས་ཏེ་བོད་སློབ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་འཆར་ཡོད།

སྦྱོང་དེབ་དེ་དག་ཏུ་སློབ་དེབ་ནང་གི་སྦྱོང་ཚན་ལས་ལོགས་སུ་འགོད་ཐབས་ཞུས་པ་མ་ཟད། སྐབས་འགར་སྦྱོང་ཚན་གཅིག་པ་བྱུང་ཡང་བཟོ་སྟངས་ཀྱི་རྣམ་པ་མི་འདྲ་བའི་ཐོག་ནས་རྩོམ་སྒྲིག་ཞུས་ཡོད།

ད་ལན་སྦྱོང་དེབ་གཉིས་ཀྱི་འགྲོ་གྲོན་མཐུན་འགྱུར་ཆ་ཚང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་(DANIDA)རོགས་ཚོགས་ནས་གནང་ཡོད་པ་རེད།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་བ།
ཕྱི་མ།
ཤེས་རིག་དྲུང་ཆེས་དབུ་ཁྲིད་པའི་སྐུ་ཚབ་གསུམ་ཌེན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་དུ་འཚམས་གཟིགས་སུ་ཕེབས།
Menu