ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་སློབ་དགེ་ཚོགས་ཁག་གཉིས་པར་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༩ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་ཚོགས་ཁག་གཉིས་པར་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང། ཟབ་ཁྲིད་བ་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས། ལཱ་ཏི་ཀ་གྷུབ་ཏ་ལགས། བྷོབ་ཨེན་ཀར་སོན། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཤེས་རིག་ཤེས་ཡོན་ཚན་པའི་ལས་བྱེད། རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་བཅས་ཁྱོན་མི་གྲངས་ ༢༥ ཙམ་ལྷན་འཛོམས་ཐོག་ཤེས་རིག་གི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། ཟབ་སྦྱོང་བ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་གནང་རྗེས་ཤེས་རིག་དྲུང་ཆེས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས། ཟབ་ཁྲིད་བ་ལཱ་ཏི་ཀ་གྷུབ་ཏ་ལགས་དང་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས། བྷོབ་ཨེན་ཀར་སོན་ལགས་བཅས་ཀྱིས་ཟབ་ཁྲིད་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན།
    སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཤེས་ཡོན་ཐོག་དམིགས་བསལ་འབད་བརྩོན་ཞུས་དང་ཞུ་མུས་ཡིན་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། གང་ཡིན་བརྗོད་ན། བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བར་བརྟེན། འཚེ་མེད་ཞི་བའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱེད་རྒྱུར་ཤེས་ཡོན་ནི་མེད་དུ་མི་རུང་བ་ཆགས་ཡོད། དེ་རིང་འདི་གར་ཕེབས་པའི་ཁྱེད་རྣམ་པའི་ཁྲོད་ནས་དགེ་རྒན་གྱི་ལས་ཀར་བཞུགས་ཏེ་ལོ་ཡུན་མང་ཉུང་སྣ་ཚོགས་ཤིག་ཕྱིན་འདུག གང་ལྟར་དགེ་རྒན་ཁྱེད་རང་ཚོས་ཕྲུ་གུ་ཚོར་སློབ་སྦྱོང་སྤྲད་པ་མ་ཟད། མི་ཚེའི་མདུན་ལམ་བཟང་པོ་ཞིག་སྐྲུན་ཐབས་གནང་བཞིན་ཡོད་སྟབས། ཁྱེད་རྣམ་པའི་ལས་དོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད།
    ཟབ་སྦྱོང་འདི་བཞིན་གོ་སྒྲིག་བྱེད་དགོས་དོན་ནི། སྔ་ལོ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུའི་རྒྱབ་གཉེར་གཞི་བཟུང་བོད་པའི་སློབ་གྲྭ་ཁག་ནང་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཡིན་འདུག་པ་མ་ཟད། ཕྱི་ཚེས་ ༣ ནས་ ༧ བར་སམ་བྷོ་ཊའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་དང་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་ལ་ཟབ་སྦྱོང་སྤྲད་ཟིན་ཡོད་པ་དང་། ཕྱི་ཚེས་ ༩ ནས་ ༡༣ བར་གོང་ཁོད་ཀྱི་སློབ་གྲྭ་ཁག་གི་སློབ་དགེ་གྲངས་ ༢༥ ལ་ལྡི་ལི་མཐོ་སློབ་ཀྱིས་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས་དང་། ལྕམ་ལཱ་ཏི་ཀ་གྷུབ་ཏ་ལགས། རྒྱལ་མཚན་འཇམ་དབྱངས་ལགས་བཅས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག
 

སྔོན་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེ་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ།
Menu