ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་སློབ་དེབ་གསར་པ་རྒྱུས་སྟོན།

གསར་འཕྲིན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང། འདི་ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས་སློབ་དེབ། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་སོགས་སློབ་དེབ་གསར་པ་ཁག་ཅིག་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།

སློབ་དེབ་གསར་པ་དེ་དག་གི་ནང་དོན་ངོ་སྤྲོད་དང་ཁྲིད་ཐབས་སོགས་ཀྱི་ཆེད་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་རྩོམ་སྒྲིག་པ་གཉིས་ཀྱིས་ཕྱི་ལོ་༢༠༡༥ ཟླ་༤ ཚེས༢༤ དང་༢༥ ལ་དྷ་ཤོད་བོད་ཁྱིམ་དུ་དྷ་ས་ཁུལ་གྱི་གཞི་རིམ་འོག་མའི་བོད་དགེ་རྣམས་དང། ཟླ་༤ ཚེས༢༨ དང་༢༩ ལ་སྤོན་ཊ་གཏན་སློབ་ཏུ་མ་སུ་རི་མངའ་ཁུལ་གྱི་སློབ་ཁག་བདུན་གྱི་གཞི་རིམ་འོག་མའི་བོད་དགེ་རྣམ་པར་རྒྱུས་སྟོན་གནང་ཡོད། དེ་བཞིན་ཕྱི་ལོ་༢༠༡༥ ཟླ་༥ ཚེས༡༡ དང་༡༢ ལ་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་གོ་པལ་པུར་དང་སུ་ཇ། ཅོ་ན་ཏ་ར་བོད་ཁྱིམ་སློབ་གྲྭ་དང་། སྦིར། མ་ཎ་ལི། སིམ་ལ་དང་ཌོ་ལན་ཇི་གཏན་སློབ་བཅས་ཀྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་རྒྱུས་སྟོན་གནང་།
གཞན་ཡང་གཏན་ཉིན་སློབ་གྲྭ་ཁག་གི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་རྣམས་ས་གནས་ཆ་བགོས་ཀྱིས་ཕྱི་ལོ་༢༠༡༥ ཟླ་༣ ཚེས་༢༤ ཉིན་སྤོན་ཊ་མངའ་ཁུལ་དང། ཟླ་༤ ཚེས་༡༠ ཉིན་སིམ་ལ་དང་ཌོ་ལན་ཇི། ཟླ་༤ ཚེས་༡༡ ཉིན་ལྷོ་ཕྱོགས་སློབ་ཁག་༡༠ བཅས་ཀྱི་གཞི་རིམ་འོག་མའི་ཨང་རྩིས་དགེ་རྒན་རྣམས་ལ་སློབ་དེབ་གསར་པའི་ནང་དོན་དང་ཁྲིད་ཐབས་སོགས་ཀྱི་སྐོར་ལ་རྒྱུས་མངའ་ལམ་སྟོན་གནང་ཡོད་པ་རེད།
འདི་ཟླའི་ཚེས་༡༤ ནས་༡༧ བར་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པས་དྷ་ས་ཁུལ་གྱི་སློབ་ཁག་ལ་རྒྱུས་སྟོན་སྐོར་བསྐྱོད་གནང་འཆར་ཡོད་པ་དང་། དེའི་རྗེས་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་སློབ་ཁག་ནང་རྒྱུས་མངའ་ལམ་སྟོན་གནང་འཆར་ཡོད་པ་བཅས།

སྔོན་མ།
ཁེ་ན་ཌ་རོགས་སྐྱོར་ལས་གཞིའི་ཆེད་འབྲེལ་ཡོད་ལས་བྱེད་དྷ་སར་ཕེབས་པ།
ཕྱི་མ།
ཨང་རྩིས་སློབ་དགེ་རྣམས་ལ་ཟབ་སྦྱོང་ཕུལ་བ།
Menu