ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། ཟབ་ཁྲིད་པ་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས། ལཱ་ཏི་ཀ་གྷུབ་ཏ་ལགས། བྷོབ་ཨེན་ཀར་སོན། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཤེས་རིག་ཤེས་ཡོན་ཚན་པའི་ལས་བྱེད། སམ་བྷོ་ཊ་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་དང་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་བཅས་ཁྱོན་མི་གྲངས་ ༣༣ ཙམ་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་དང་འཚམས་འདྲིའི་གསུང་བཤད་གནང་བ་དང། ཟབ་སྦྱོང་པ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་གནང་རྗེས། ཟབ་ཁྲིད་གནང་མཁན་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས་ཀྱིས་ཟབ་ཁྲིད་དང་འབྲེལ་བའི་ལས་དོན་སྐོར་གསུང་བཤད་དང་། ཟབ་ཁྲིད་བ་ལཱ་ཏི་ཀ་གྷུབ་ཏ་ལགས་ཀྱིས་བོད་མི་རྣམས་ལས་ཀ་བྱས་པའི་ཉམས་མྱོང་སོགས་ཀྱི་སྐོར་གསུང་བཤད་གནང་།
    དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་ཟབ་སྦྱོང་གི་དགོས་དམིགས་དང་དགེ་མཚན་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་བསྟུན་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད།
    ད་ཐེངས་ཟབ་སྦྱོང་འདི་བཞིན་གོ་སྒྲིག་བྱེད་དགོས་དོན་ནི། སྔ་ལོ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུའི་རྒྱབ་གཉེར་གཞི་བཟུང་བོད་པའི་སློབ་གྲྭ་ཁག་གི་ནང་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཡིན་འདུག་པ་དང་། ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༣ ནས་ ༧ བར་སམ་བྷོ་ཊའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་དང་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་དང་། ཕྱི་ཚེས་ ༩ ནས་ ༡༣ བར་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་བཅས་ཁྱོན་གཏན་ཉིན་སློབ་གྲྭ་ཁག་ ༢༧ ནས་སློབ་དགེ་གྲངས་ ༥༠ ལ་ལྡི་ལི་མཐོ་སློབ་ཀྱིས་སློབ་དཔོན་ཀི་རིཤ་ནཱ་ཀུ་མར་ལགས་དང་། ལྩམ་ལཱ་ཏི་ཀ་གྷུབ་ཏ་ལགས། རྒྱལ་མཚན་འཇམ་དབྱངས་ལགས་བཅས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག

སྔོན་མ།
ཕྱི་ལོ་༢༠༡༤ ཡི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེའི་ཟབ་སྦྱོང་འགོ་འཛུགས།
Menu