ཟླ་རེའི་གསར་འགྱུར།

གཞི་རིམ་ཤེས་ཡོན་གལ་གནད་ཟབ་སྦྱོང་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་རྡ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་ཁུལ་གྱི་གཞི་རིམ་འོག་མིའི་དགེ་རྒན་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཉིན་དང་སྟབས་བསྟུན། གཞི་རིམ་ཤེས་ཡོན་གལ་གནད་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༠ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་དྲུང་ཆེ་རྣམ་གཉིས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། དབུས་བོད་སློབ་འཛིན་ཚོགས་དང་བོད་ཁྱིམ། སམ་བྷོ་ཌའི་སློབ་གྲྭ་ཁག མ་སུ་རི་བོད་ཁྱིམ། བོད་མིའི་ནེ་ཧེ་རུ་དྲན་རྟེན་སློབ་གྲྭ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་ ༦༨ ནས་དགེ་རྒན་གྲངས་ ༢༢༠ ཙམ་ལྷན་འཛོམས་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
ཐོག་མར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དང་འབྲེལ་བའི་ཚིག་ཁ་ཤས་ཞུ་ན་དྲན་བྱུང་། ཕྱི་ལོ་ ༢༠༡༥ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཕྲུག་ཚོའི་ཡིག་རྒྱུགས་གྲུབ་འབྲས་དེ་ཧ་ཅང་ཡག་པོ་བྱུང་འདུག དཔེར་ན། སློབ་ཕྲུག་གྲངས་ ༡༤༣༣ ཙམ་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༧༥ ཡན་ལོན་མཁན་སློབ་ཕྲུག་གྲངས་ ༤༤༣ བྱུང་ཡོད་པར་བརྟེན། སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༣༨ འཕར་ཆ་བྱུང་ཡོད། ཕྱི་ལོ་ ༢༠༡༠ ནས་ད་བར་ལོ་ལྔའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༢༥༠ ཐམས་པ་འཕར་ཆ་བྱུང་འདུག ཕྱི་ལོ་ ༢༠༡༤ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་མ་གྲངས་ ༡༠ བྱུང་ཡོད། འདི་ལོར་རྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་མ་གྲངས་ ༡༦ བྱུང་བས་སློབ་མ་ ༦ མང་ཏུ་ཕྱིན་ཡོད། འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༡།༢༦ ཡིན་པར་བརྟེན་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་འདུག དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་སྐབས་འཁྱུགས་ཙམ་བཀའ་སྩལ་བར་བརྟེན་ང་ཚོ་ཚང་མ་དགའ་སྤོབས་ཀྱི་གནས་སུ་གྱུར་ཡོད། སྐབས་ ༡༤ བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་བར་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཐེངས་མང་པོ་གོ་སྒྲིག་ཞུ་དགོས་དོན་ནི། ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དང་འབྲེལ་གཞི་རིམ་འོག་མའི་དགེ་རྒན་རྣམས་ཟུར་དུ་བསྐོང་ཚོགས་གནང་དགོས་དོན་གཙོ་བོ་ནི། བར་ལམ་ནས་ཤེས་ཡོན་གྱི་ལས་རིམ་ཐོག་སྤྱི་ཡོངས་ནས་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད།
འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ཐུགས་བློ་མ་ཁེངས་པ་འདི་ལོ་ཁ་ཤས་གོང་ནས་གསལ་པོ་ཆགས་ཡོད། ང་ཚོས་དེའི་སྐྱོན་ཆ་དང་། འཐུས་ཤོར། གང་ལའང་བསམ་བློ་གཏང་ཐུབ་ཀྱི་མེད་པ་དེ་ཚོའི་ཐོག་ཉམས་ཞིབ་མང་པོ་བྱས་ཡོད།  དེ་བཞིན་རྒན་ལགས་རྣམ་པའི་བརྒྱུད་ནས་ས་བགོས་བྱས་ཏེ་གནས་སྟངས་རྟོགས་ཞིབ་གནང་ཡོད། ཕྱོགས་མཚུངས་མཁས་པའི་སློབ་སྟོན་ཚོགས་ཚུང་ཟུར་དུ་ཚོགས་ཏེ་སློབ་སྟོན་ཞུས་པ་བཞིན།ཤེས་རིག་ལས་ཁུངས་ནས་གཞི་རིམ་སློབ་སྦྱོང་སྤྲོད་རྒྱུ་དང་། དགེ་རྒན་རྣམ་པས་ཤེས་ཡོན་དང་ཆེད་ལས་ཐོག་ལ་ཤུགས་བརྒྱབ་བཞིན་ཡོད། ང་རང་ཚོའི་སྤྱི་ཚོགས་ཀྱི་བསམ་བློའི་ནང་གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་དང་། གཉིས་པ། གསུམ་པར་སློབ་སྦྱོང་སྤྲོད་རྒྱུ་ལས་སླ་པོ་ཞིག་དང་། སློབ་སྦྱོང་སྤྲོད་མཁན་དེས་ཀྱང་ལས་སླ་པོ་ཞིག་ཡིན་བསམས་པའི་ཚོར་སྣང་ཞིག་ཡོང་བཞིན་ཡོད། དོན་དངོས་ཐོག་ཤེས་ཡོན་ལམ་ལུགས་ཀྱི་སློབ་ཁྲིད་བརྒྱུད་རིམ་ནང་ཕྱིན་པ་ཡིན་ན་བསམ་ཚུལ་དེ་ནོར་ཡོད་སྟབས། ཤུགས་ངོ་མ་དེ་གཞི་རིམ་འོག་མར་རྒྱག་དགོས་པ་མ་ཟད། དགེ་རྒན་ཡིན་ནའང་རྩེ་ཕུད་དེ་གཞི་རིམ་འོག་མར་དགོས་ཀྱི་ཡོད། དཔེར་ན། སློབ་སྟོན་པ་ཁག་གཅིག་གིས་ལོ་དང་པོ་དང་། གཉིས་པ་གསུམ་པ་དེ་ཕྲུ་གུའི་མི་ཚེའི་ནང་གཡུལ་ས་འདྲ་པོ་ཞིག་ཆགས་ཡོད། དེའི་སྐབས་ནས་ཡར་འདོན་ཐུབ་པ་ཡིན་ན་རྒྱལ་ཁ་ཐོབ་ཡོང་གི་ཡོད། ཅེས་གསུང་གི་འདུག དེར་བརྟེན་གཞི་རིམ་འོག་མའི་དགེ་རྒན་རྣམས་ཀྱིས་སློབ་མ་ཚོར་ཤེས་ཡོན་སྤྲོད་ཕྱོགས་ཐད་ང་ཚོས་དོ་སྣང་ཤུགས་ཆེ་ཙམ་བྱེད་བཞིན་ཡོད།
རྣམ་པ་ཚོ་ས་གནས་སོ་སོར་བཞུགས་ཏེ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁག་ཅིག་འཛིན་སྐྱོང་ནང་ཕྱག་ལས་གནང་བཞིན་ཡོད། གལ་ཆེ་ཤོས་ཕྲུ་གུ་དང་རྒྱུན་དུ་གཤིབ་མཁན་དགེ་རྒན་རྣམ་པ་ཚོ་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་དགེ་རྒན་ཚོར་ཕར་ཟབ་སྦྱོང་འབུལ་རྒྱུ་དང་། དགོངས་ཚུལ་ཉན་ནས་ལེགས་ཆ་བླངས་རྒྱུ། རྨང་གཞི་ཡག་པོ་འདིང་རྒྱུ། ཆ་རྐྱེན་གང་སྐྲུན་དགོས་པ་བཅས་ཀྱི་ཆེད་དུ་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ང་ཚོས་གཞི་རིམ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཤོས་བརྩི་བཞིན་ཡོད། རྣམ་པ་ཚོ་ཚང་མས་ཧུར་ཐག་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་དེ་ཡར་རྒྱས་ཕྱིན་ཡོད་པ་འདྲ་ཞེས་བཀའ་སྩལ་བྱུང་བས། ངོས་རང་ཧ་ཅང་དགའ་པོ་བྱུང་ལ།
གང་ཉིད་མཆོག་གིས་དེ་ལྟར་བཀའ་སྩལ་མཛད་པ་དེ་ཤིན་ཏུ་རྩ་ཆེན་པོ་ཞིག་ཡིན། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ངོས་རང་དངོས་སུ་འདིར་བཅར་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་བཅུ། ཉི་ཤུ་འཐོམ་མ་སངས་པར་ལྷག་སྲིད་ཀྱི་རེད། འོན་ཀྱང་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་འདུག ཅེས་ཐུགས་ཕམ་ཐོག་ནས་བཀའ་སློབ་སྩལ་སྐབས་ངོས་རང་སེམས་ནང་ན་ཟུག་གི་ཚོར་སྣང་ལྕི་མོ་ཞིག་དང་ཤེས་ཡོན་ཐོག་ལ་འགན་ཁུར་ཞིག་བླངས་རྗེས་འཇོན་ཚོད་དཔག་ཚོད་ཀྱིས་འབད་བརྩོན་བྱ་དགོས་འདུག་བསམ་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་། འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་ཡག་པོ་བྱུང་བའི་གཏམ་བཟང་དེ་༸གོང་ས་མཆོག་ལ་སྒྲོན་ཞུས་ཐུབ་ནས་མགོན་པོ་གང་ཉིད་མཆོག་ཐུགས་གྱེས་ཚོར་ཆེན་པོ་བྱུང་བ་དེ་ང་ཚོའི་རྩ་ཆེའི་འགན་ཞིག་ཆགས་ཡོད། འཛིན་རིམ་བཅུ་གཉིས་ཡིག་རྒྱུག་ཡར་རྒྱས་ཀྱི་གྲུབ་འབྲས་མངོན་ཡོང་དུས་ང་རང་ཡིན་ནའང་བཀའ་ཤག་གིས་ཤེས་ཡོན་དེ་གལ་ཆེན་པོར་བརྩིས་ནས་གྲུབ་འབྲས་ཤིག་ཐོན་འདུག བསམས་པའི་ཚོར་སྣང་ཞིག་ཀྱང་བྱུང་སོང་། གྲུབ་འབྲས་ཐོན་དགོས་དོན་དེ་ཡང་སློབ་ཕྲུག་ཁོང་རང་ཚོས་འབད་བརྩོན་བྱས་པ་དང་ལྷག་པར་དགེ་རྒན་ཚོ་ཆགས་ཡོད། དགེ་རྒན་ཚོས་དོ་དབྱིངས་ཐོག་ནས་སློབ་ཁྲིད་གནང་སྐབས་ཡར་རྒྱས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཕྱི་ལོ་ ༢༠༡༠ ལོར་བརྒྱ་ཆ་ ༧༥ ཡན་ལོན་མཁན་སློབ་ཕྲུག་ ༡༢༧ བྱུང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡།༢༠༡༢།༢༠༡༣། བཅས་ལོ་བཞིིའི་ནང་འཕར་ཚད་ཀྱི་བརྒྱ་ཆ་ ༢༥༠ ཙམ་ཆགས་ཡོད་སྟབས་ཡར་རྒྱས་འགྲོ་གི་ཡོད་པ་གསལ་པོ་རེད། སློབ་ཕྲུག་ཚོས་འབད་བརྩོན་བྱས་པ་དང་དགེ་རྒན་ཚོས་སྐུ་ལས་སྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད།
༸གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་བཀའ་སློབ་སྩལ་ཡོད། ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་གཙང་སྦྲ་བྱས་པ་ཡིན་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་ཅི་ཞིག་བརྒྱབ་པ་ཡིན་ནའང་འགྱུར་མེད་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་ཀྱི་ཡོད་ཅེས་བཀའ་སྩལ་བ་རེད། ང་ཚོ་བོད་པའི་མ་འོངས་སོན་རྩ་རྣམས་ག་འདྲ་ཞིག་བཟོ་དགོས་པ་རེད་བརྗོད་ན་རི་སྐྱེས་མེ་ཏོག་ལྟ་བུ་ཞིག་བཟོ་ཐུབ་དགོས། དེ་འདྲ་ཞིག་ཡོང་བར་འདབ་ཤོག་གཉིས་ལྡན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤེས་ཚད་ལྡན་པའི་ཐོག་ཡ་རབས་བཟང་སྤྱོད་དེ་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གྱི་ཡོད་སྟབས། དེ་རིང་འདིར་ང་རང་སློབ་ཕྲུག་ཟུར་པ་ཞིག་ཡིན་པའི་ཆ་ནས་དགེ་རྒན་རྣམ་པ་ཚོར་གུས་ཞབས་དང་ལྡན་པའི་ཐོག་ནས་ད་ལྟའི་བར་དུ་ཕྱག་ལས་ཡག་པོ་གནང་འདུག གྲུབ་འབྲས་མཐོང་རྒྱུ་ཡོད་པ་ཞིག་ཆགས་འདུག་པར་བསྔགས་བརྗོད་དང་ལྷན་ མུ་མཐུད་ནས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད།

སྔོན་མ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་།
ཕྱི་མ།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འགོ་ཁྲིད་ཟབ་སྦྱོང་བའི་སློབ་མ་ཚོར་འགོ་ཁྲིད་དང་འབྲེལ་བའི་གསུང་བཤད་གནང་།
Menu