ཟླ་རེའི་གསར་འགྱུར།

གཞི་རིམ་སློབ་གྲྭའི་རིགས་ལམ་བསླབ་གཞི་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡༨ ནས་༢༠ བར་ཉིན་གསུམ་རིང་། འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་སློབ་གྲྭའི་རིགས་ལམ་བསླབ་གཞིའི་བསྐྱར་ཞིབ་ཚོགས་ཆུང་གི་ཐ་མའི་གཏན་འབེབས་ཚོགས་འདུ་སྐོང་ཚོགས་གནང་།
འདས་པའི་ལོ་ལྔ་བཅུ་ལྷག་གི་རིང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་རིགས་ལམ་འདི་དགོན་པ་ལས་བརྒལ་ཏེ། གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་དར་སྤེལ་གཏོང་དགོས་པའི་དགོངས་གཞི་དང། བཀའ་སློབ་ལམ་སྟོན་ལྟར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རིགས་ལམ་དང་ནང་ཆོས་ཀྱི་སློབ་ཚན་ལ་བསྐྱར་ཞིབ་ཀྱིས། གོང་ཚེས་ཉིན་རིགས་ལམ་སློབ་དེབ་བཅོས་སྒྲིག་པ་བོད་མི་མང་སྤྱི་འཐུས་ལྷ་རམས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། བསྐྱར་ཞིབ་ཚོགས་མི་ཧར་པ་པུར་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་བློ་ལྡན་ལགས། རྡོར་གླིང་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་བསྟན་པ་ལགས། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཆོས་དགེ་དགེ་བཤེས་བློ་བཟང་མཁས་གྲུབ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་ཆོས་དགེ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས། འབྲེལ་ཡོད་ལས་བྱེད་དང། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཅས་ལྷན་འཛོམས་ཐོག་སློབ་དེབ་བཅོས་སྒྲིག་པས་བསྒྲིགས་ཟིན་པས་སློབ་ཚན་ཐོག་སྣོན་འཕྲི་སྤོར་གཅོག་དང། གོ་བསྡུར་སྦྱངས་བཤད་ཀྱི་ཐ་མའི་གཏན་འབེབས་གནང་རྒྱུ་ཡིན་པ་དང། འཆར་ལོའི་ནང་དཔར་སྐྲུན་ཟིན་པ་བྱས་ཏེ། གཏན་ཉིན་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག
དེ་བཞིན་འཆར་ལོའི་ནང་གཞི་རིམ་སློབ་གྲྭའི་ནང་ཆོས་ཀྱི་བསླབ་གཞི་རྩོམ་སྒྲིག་ཟིན་པར་བྱས་ཏེ་གཏན་འབེབས་གནང་རྒྱུ་ཡིན་འདུག་པ་བཅས།

སྔོན་མ།
སློབ་གྲྭ་ཁག་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད།
ཕྱི་མ།
བསོད་ནམས་ཆོས་སྒྲོན་དང་ཤེས་ཡོན་སྲིད་བྱུས།
Menu