ཟླ་རེའི་གསར་འགྱུར།

གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་རིགས་ལམ་འདུ་འཛོམས་ཐོག་བཅར་བའི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་ (Jody Williams) མཆོག་དང་། ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ (Shirin Ebadi) མཆོག དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་གཅིག ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་བཅུ་དགུའི་རིགས་ལམ་འདུ་འཛོམས་རྒྱས་པ་ཐེངས་ལྔ་པའི་ཐོག་བསླེབས་པའི་སློབ་ཕྲུག་ ༡༣༦ དང། དེ་བཞིན་བོད་ཁྱིམ་གྱི་དགེ་སློབ་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་འདི་གར་སློབ་གྲྭ་ཁག་གཅིག་ནས་བོད་ཕྲུག་རིགས་ལམ་སྦྱོང་ཆེད་གང་ཙམ་བསླེབས་ཡོད་འདུག ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ཐོག་མར་ངོས་ཀྱིས་ཁྱེད་རང་ཚོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་གཉིས་ཀྱི་སྐོར་སྙིང་བསྡུས་ཤིག་བརྗོད་ན་བསམ་བྱུང། ཁོང་རྣམ་པ་གཉིས་དང་ངོས་རང་ལོ་མང་གོང་ནས་ངོ་ཤེས་ཏེ་འགྱུར་མེད་ཀྱི་གྲོགས་པོ་ཞིག་ཡིན། དུས་ད་ལྟ་བར་དུ་འཛམ་གླིང་འདིའི་ཐོག་འཚེ་བ་དང་དྲང་བདེན་མ་བྱུང་བའི་ཐོག་ནས་དཀའ་ངལ་འཕྲད་མཁན་ཚོར་ཕྱོགས་རིས་མེད་པར་ཐུགས་ཁུར་གནང་བཞིན་ཡོད། སྤྱིར་བཏང་རྒྱུ་སྟོབས་ཡོད་མཁན་ཁོང་རང་ཚོ་འཛམ་གླིང་གཅིག་ལྟ་བུ་བྱས་ཏེ། ཉམ་ཐག་རྣམས་མཐོང་གི་མི་འདུག དེར་བརྟེན་སངས་རྒྱས་པའི་ཆོས་ནང་དམན་ལ་ལྷག་པར་བརྩེ་ཞེས་པ་འདི་ཁོང་རྣམ་པ་གཉིས་ཀྱིས་ལག་ལེན་བསྟར་གྱི་ཡོད། ལྷག་པར་བོད་དོན་ཐོག་དམིགས་བསལ་དོ་སྣང་གིས་རྒྱབ་སྐྱོར་གནང་གི་ཡོད། ངོས་རང་བོད་པ་ཞིག་ཡིན་པའི་ཆ་ནས་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ང་ཚོའི་མ་འོངས་པའི་རེ་བ་བརྒྱབ་ས་བོད་རིགས་སློབ་ཕྲུག་ཁྱེད་རང་ཚོ་ཆགས་ཡོད་པར་བརྟེན།
ཁྱེད་རང་ཚོས་ཁོང་རྣམ་པ་གཉིས་ཀྱི་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་ཚན་རིག་པ་དང་མཉམ་དུ་འདས་པའི་ལོ་སུམ་ཅུ་ལྷག་གི་རིང་བགྲོ་གླེང་བྱས་པ་ཡིན། རིགས་ལམ་གྱི་འགྲོ་སྟངས་དེ་བོད་པ་མ་གཏོགས་ནང་པའི་ཡུལ་གྲུ་སུ་གཅིག་ལ་མི་འདུག རིགས་ལམ་འགྲོ་སྟངས་དེ་དག་བོད་ཡིག་ནང་ཡོད་པར་བརྟེན། སྦྱང་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཐུགས་རྗེ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་དཔལ་ན་ལནྡྲེའི་ཆོས་བརྒྱུད་དྲི་མ་མེད་པ་བོད་ལ་དར་བ་ནི་བོད་མི་རིགས་ལ་སྤོབས་པ་སླེབ་རྒྱུ་ཞིག་འདུག ངོས་ལ་མཚོན་ན། དེང་དུས་ཀྱི་ཤེས་ཡོན་གང་ཡང་ཤེས་ཀྱི་མེད་ལ་དབྱིན་ཡིག་སྦྱང་རྒྱུར་ཡང་གཙོ་འདོན་བྱེད་ཀྱི་མེད། དབྱིན་ཡིག་ག་ཚོད་ཤེས་ཀྱང་སྐྱེ་བ་ཕྱི་མ་དང་སྟོང་ཉིད་ཀྱི་ལྟ་བ། བྱང་ཆུབ་སེམས་ལ་ཕན་ཐོགས་ཡོང་ས་མ་རེད། ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་ནས་ཐོན་ཡང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ལ་ཕན་ཐོགས་གང་ཡང་མེད། དེར་བརྟེན་དེ་ཙམ་གྱིས་དང་དོད་བྱེད་ཀྱི་མེད། འོན་ཀྱང་དེང་དུས་ཀྱི་ཚན་རིག་པ་ལྟ་གྲུབ་སྨྲ་བ་དང་། མཁས་དབང་། ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་མཇལ་སྐབས། ངོས་ཀྱིས་ཀྲོག་ཀྲོག་རྩ་བ་ནས་མ་བྱས་པར་ཉམ་ཆུང་བྱེད་བཞིན་ཡོད།
འོན་ཀྱང་དོན་དག་ཐོག་སྐད་ཆ་ཤོད་སྐབས་སེམས་འཚབ་པ་དང་དངངས་སྐྲག་ལང་དགོས་དོན་རྩ་བ་ནས་མི་འདུག དེ་དག་ནི་དཔལ་ན་ལེནྡྲའི་གཞུང་ལ་སྦྱང་བརྩོན་བྱས་པའི་འབྲས་བུ་ཞིག་ཆགས་ཡོད། དེར་བརྟེན་དེ་སྔ་བཤད་གྲྭ་ཁག་ནས་ཉར་ཚགས་བྱས་ཡོད་པའི་རིགས་ལམ་གྱི་འགྲོ་སྟངས་ཐོག་སྐྱ་སེར་དབྱེར་མེད་ཀྱིས་གཏིང་ཟབ་ལོས་གནས་ཚུལ་ཐ་དད་རེད་མ་གཏོགས། གང་ཙམ་རྒྱུས་ཡོད་པ་ཞིག་བཟོ་ཐུབ་ན། ང་ཚོའི་མི་རིགས་ཧ་ཅང་བརྟན་པོ་ཆགས་ཀྱི་རེད། བོད་པར་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཞིག་ཡོད་པའི་ཐོག་རིགས་ལམ་གྱི་སློབ་སྦྱོང་སྤྲོད་ཐུབ་པ་བྱུང་ན། ང་ཚོའི་མི་རིགས་དུས་ད་ལྟ་བར་དུ་ཧ་ཅང་གྱོང་པོ་བྱས་ཏེ་བསྡད་ཡོད། མ་འོངས་པར་ཡིན་རུང་ང་ཚོ་བོད་མི་རིགས་ཕྱི་རྫིག་ནང་རྫིག་དང་གྱོང་པོ་ཞིག་ཆགས་རྒྱུར་ཏན་ཏན་ཕན་ཐོགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས། དེ་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་ (Jody Williams) མཆོག་དང་། ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ (Shirin Ebadi) མཆོག་རྣམ་པ་གཉིས་ཀྱིས་རིམ་བཞིན་སློབ་ཕྲུག་ཚོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད། །

སྔོན་མ།
རིགས་ལམ་འདུ་འཛོམས་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་པ།
ཕྱི་མ།
བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་།
Menu