ཟླ་རེའི་གསར་འགྱུར།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་གསུང་བཤད།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ནས་ ༦།༤༥ བར་གངས་སྐྱིད་ཚོགས་ཁང་དུ་༸སྐུའི་གསུང་སྒྱུར་འབུམ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་ཀྱིས་གཙོས་སྡེ་ཚན་འགན་འཛིན་དང་ཤེས་ཡོན་འགན་འཛིན། མདུན་ལམ་སློབ་སྟོན་པ། སློབ་དེབ་རྩོམ་སྒྲིག་པ་རྣམ་པ། གཞན་ཡང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་དང་དྷ་ས་ཁུལ་གྱི་སློབ་ཁག་གི་དབུ་འཛིན་དང་སློབ་སྤྱི། དགེ་ཆེ། ཆོས་དགེ་སོགས་མི་གྲངས་ ༤༥ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཉམས་ལེན་གནང་ཕྱོགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་ལས་རིམ་གོ་སྒྲིག་ཞུས།
དེ་ཡང་ཐོག་མར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཕེབས་བསུ་དང་སྦྲགས་ལས་འཆར་གྱི་གལ་གནད་དང་མ་འོངས་པར་སློབ་ཁག་ནང་ཆོས་ལུགས་དང་མ་འབྲེལ་བའི་བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས་སོགས་ཉམས་ལེན་གནང་རྒྱུ་གལ་ཆེ་ཡིན་པ་སོགས་ངོ་སྤྲོད་དང་། དེ་ནས་༸སྐུའི་གསུང་སྒྱུར་མཆོག་ནས་༸གོང་ས་མཆོག་གི་དགོངས་གཞི་གང་དང་གང་ཡིན་པ་དང་། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དར་ཁྱབ་འགྲོ་བཞིན་པའི་ Social and Emotional Learning སྒྲོམ་གཞི་ངོ་སྤྲོད། མ་འོངས་པར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཉམས་ལེན་གལ་ཆེ་ཡིན་སྐོར་སློབ་སྟོན་གནང་སྐབས། ཚུལ་ཇི་ལྟར་གནང་དགོས་མིན་གྱི་ལམ་སྟོན་སོགས་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་དང་གོ་བསྡུར་ལྷུག་པོ་གནང་བ་དང་། མཐར་ཤེས་ལྷན་འགན་འཛིན་ནས་གསུང་བཤད་གནང་མཁན་དང་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་བཅས།

སྔོན་མ།
བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་གསལ་བཤད།
ཕྱི་མ།
དགེ་རྒན་ཁག་གཅིག་ལ་ཡོངས་སྒྲིལ་ཤེས་ཡོན་ཟབ་སྦྱོང་གནང་བ།
Menu