ཟླ་རེའི་གསར་འགྱུར།

དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༤ ཉིན་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འགོ་འཛུགས་ཞུས་པའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་དེ་བཞིན་ཟླ་ ༥ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་ལེགས་པར་མཇུག་སྒྲིལ་ཡོད།

དེ་ཡང་ཉིན་དང་པོར་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་ཟབ་སྦྱོང་གི་དབུ་འབྱེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དེང་རབས་ཤེས་ཡོན་ཚན་པའི་སྡེ་འགན་ཚེ་རིང་དབྱངས་སྐྱིད་ལགས། འབྲེལ་ཡོད་ལས་བྱེད་ལས་དོ་བསོད་ནམས་གང་བཟང་ལགས། དེ་བཞིན་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་དགེ་རྒན་ ༤༣ བཅས་ཚང་འཛོམས་གནང་ཡོད། ཐོག་མར་ཤེས་ཡོན་ཚན་པའི་འགན་འཛིན་གྱིས་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ་འཚམས་འདྲི་ཞུས་ཏེ། ཟབ་སྦྱོང་གི་དམིགས་ཡུལ་དང་ནང་དོན་སོགས་ངོ་སྤྲོད་ཞུས།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་ལས་ལྷག་པའི་ཆེད་ལས་གཞན་མེད་པ་དང་། དགེ་རྒན་གྱི་ལས་གནས་སུ་ཞུགས་ཏེ་ཕྱག་ལས་ཡག་པོ་གནང་ན་ཆོས་ཉམས་ལེན་བྱེད་པ་དང་གཅིག་མཚུངས་ཡིན་པ། ཕྱག་ལས་ཡག་པོ་མ་གནང་བར་ཕྲུ་གུའི་མི་ཚེ་འཕྲོ་བརླག་བཏང་ན་ཉེས་དམིགས་དེ་ལས་ཆེ་བ་མེད་སྐོར་དང་། རྒྱལ་ཁབ་ཅིག་གི་ཤེས་ཡོན་གྱི་གནས་ཚད་དེ་རྒྱལ་ཁབ་དེའི་ནང་ཡོད་པའི་དགེ་རྒན་གྱི་ཤེས་ཡོན་གནས་ཚད་ལ་རགས་ལུས་ཡོད་པ། སྤྱི་ཚོགས་ལ་འགྱུར་བ་གཏོང་དགོས་ན་དགེ་རྒན་གྱི་སློབ་ཁྲིད་བརྒྱུད་ནས་འགྱུར་བ་གཏོང་ཐུབ་ཀྱི་ཡོད་སྐོར་སོགས་སྐུ་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་གསུངས།

གཞན་ཡང་ཁོང་གིས་དགེ་རྒན་རྣམས་ནས་ལོ་ལྟར་སློབ་ཁྲིད་ཀྱི་ཐབས་ལམ་གཅིག་རང་མ་ཡིན་པར་དུས་ནས་དུས་སུ་འགྱུར་བ་གཏོང་དགོས་པ། དེའང་དགེ་རྒན་ལས་རོགས་གཞན་ལ་སྐད་ཆ་འདྲི་བ་དང་། ལས་རོགས་ཀྱི་སློབ་ཁྲིད་ལྟ་ཞིབ་བྱེད་པ། སློབ་ཕྲུག་ནས་སྦྱོང་བ་སོགས་གནང་སྟེ་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཐབས་ལམ་ཡར་རྒྱས་གཏོང་དགོས་པའི་སྐོར་དང་། མཐར་ཁོང་གིས་འཛིན་གྲྭའི་ནང་སློབ་ཕྲུག་འདྲ་མིན་དང་དེ་དག་ལ་ནུས་པ་འདྲ་མིན་ཡོད་པ་ལས། དཀའ་ངལ་ཅན་གྱི་སློབ་ཕྲུག་རྣམས་ངོས་འཛིན་གྱིས་དེ་དག་ལ་དམིགས་བསལ་དོ་སྣང་གནང་དགོས་པ་གནད་འགག་རེད། ཅེས་གསུངས།

ཟབ་སྦྱོང་དུ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཡིན་པའི་སྐོར་དང་། སློབ་གྲྭ་སོ་སོའི་དགོས་མཁོར་གཞིགས་པའི་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་ཐབས་སུ་དགེ་རྒན་སྒེར་དང་མཉམ་རུབ་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཕྱོགས་སྐོར་ཟབ་ཁྲིད་གནང་། ཟབ་སྦྱོང་གི་ཁྱད་སྟོན་པ་ནི། བོད་ཀྱི་ཐེབས་རྩའི་ཤེས་ཡོན་འབྲེལ་མཐུད་པ་འཇམ་དབྱངས་རྒྱལ་མཚན་ལགས་དང་། ཤེས་ཡོན་ཆེད་ལས་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། སཾ་བྷོ་ཊའི་ཨིན་ཇིའི་རྒྱུས་སྟོན་པ་བསྟན་འཛིན་ཆོས་སྒྲོན་ལགས། ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན།

ཟླ་ ༤ ཚེས་ ༦ ཉིན་མཇུག་བསྡོམས་སུ་ཐོག་མར་འབྲེལ་ལས་བསོད་ནམས་གང་བཟང་ལགས་ཀྱིས་ཉིན་གསུམ་གྱི་ཟབ་སྦྱོང་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སྙན་སེང་ཞུས་རྗེས། མཉམ་ཞུགས་གནང་མཁན་དགེ་རྒན་དྲུག་ཙམ་གྱིས་ཟབ་སྦྱོང་ནས་ཤེས་བྱ་གསར་པ་མང་པོ་ཤེས་རྟོགས་བྱུང་བ་དང་། ཟབ་སྦྱོང་གི་ཁྱད་སྟོན་པ་རྣམས་བོད་རིགས་ཡིན་པར་མ་ཟད་ཟབ་ཁྲིད་ལེགས་པོ་གནང་བར་དགའ་ཚོར་ཆེན་པོ་བྱུང་བ། ཟབ་སྦྱོང་འདིས་དགེ་རྒན་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་བ། སྤྱི་ཡོངས་ཀྱི་ཟབ་སྦྱོང་གོ་སྒྲིག་ཚགས་ཚུད་གནང་བ་སོགས་ཀྱི་དགོངས་ཚུལ་གསུངས།

ཤེས་རིག་དྲུང་ཆེ་འཇིགས་མེད་རྣམས་རྒྱལ་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་དུ། ཐོག་མར་ཕྱོགས་མཐའ་ཁག་ནས་ཕེབས་མཁན་དགེ་རྒན་རྣམས་དང་ཟབ་སྦྱོང་གི་ཁྱད་སྟོན་པ་རྣམས་ལ་ཐུགས་རྗེ་ཞུས་གནང་བ་དང་། དེ་ནས་ཁོང་གིས་དགེ་རྒན་རྣམས་རང་ཉིད་ཀྱི་ཆེད་ལས་དང་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་མ་བཏང་ན་སློབ་ཕྲུག་གི་མདུན་ལམ་འཕྲོ་བརླག་གཏོང་གི་ཡོད་པས་ད་ལན་གྱི་ཟབ་སྦྱོང་དེ་གལ་ཆེན་པོ་ཡིན་པའི་སྐོར་དང་། དགེ་རྒན་རྣམས་མུ་མཐུད་ནས་ཆེད་ལས་ཡར་རྒྱས་གཏོང་དགོས་པ། འཛམ་གླིང་གི་འགྱུར་གྲོས་དང་བསྟུན་ཏེ་རང་ཉིད་ཀྱི་ཤེས་ཡོན་གནས་ཚད་ལ་དུས་ནས་དུས་སུ་ཁ་སྐོང་གནང་དགོས་སྐོར་གསུངས།

གཞན་ཡང་ཁོང་གིས་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ། མི་ཚེའི་ནང་ལས་རིགས་ཀྱི་འདམ་ག་མང་པོ་ཡོད་ནའང་དཀའ་ངལ་ལ་གདོང་ལེན་བྱས་ཏེ་དགེ་རྒན་གྱི་ལས་གནས་སུ་ཞུགས་པར་ཐུགས་རྗེ་ཆེ་ཞུས། དེ་མཚུངས་ཁོང་གིས་བོད་ཕྲུག་རྣམས་དགེ་རྒན་གྱི་ལས་གནས་སུ་ཞུགས་རྒྱུར་སེམས་ཤུགས་སྤར་སླད་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་འོས་སྦྱོང་སློབ་ཚན་གྱི་སློབ་ཡོན་སྤར་ཆ་གནང་ཡོད་སྐོར་དང་། མ་འོངས་བོད་ཕྲུག་གི་ཆེད་དུ་དགེ་རྒན་ཚད་ལྡན་དགོས་གལ་ཡིན་པ། དགེ་རྒན་གྱིས་སློབ་ཁྲིད་ཚད་ལྡན་གནང་དགོས་པ། ལྷག་པར་དུ་སྔོན་འགྲོ་དང་གཞི་རིམ་འོག་མའི་གནས་སྐབས་སུ་སློབ་ཁྲིད་ཐད་ཤུགས་སྣོན་རྒྱག་དགོས་པ། སློབ་ཁྲིད་གང་གནང་བ་དེ་སློབ་ཕྲུག་གི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་འབྲེལ་བ་བཏགས་ནས་སློབ་ཁྲིད་གནང་དགོས་པ་དང་། ཟབ་སྦྱོང་ནས་གང་སྦྱངས་པ་རྣམས་སློབ་གྲྭ་སོ་སོའི་ནང་ཕྱག་བསྟར་གནང་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་།

མཐར་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ། ཟབ་སྦྱོང་འདིའི་འགྲོ་སོང་ཡོངས་རྫོགས་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་གནང་། །

སྔོན་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་སློབ་གཉེར་བ་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས་པ།
ཕྱི་མ།
འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།
Menu