ཟླ་རེའི་གསར་འགྱུར།

དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་སྤེལ་བ།

གསར་འཕྲིན།

༄༅། །འདི་ག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཕ་མའི་ཚོགས་ཆུང་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས་ཁག་ཚགས་ཚུད་ཡར་རྒྱས་གཏོང་སླད་ཤེས་རིག་ལས་ཁུངས་ཀྱིས་ལས་གཞི་ཁག་ཅིག་སྤེལ་བའི་ཁོངས་ནས།ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ནས་ཟླ་ ༣ ཚེས་ ༨ བར་སློབ་ཁག་ ༡༤ ཡི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་དང་།ཟབ་སྦྱོང་དེའི་ཐོག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ཨོ་ཌི་ཤ་ཉིན་སློབ་ཁག་ ༣ དང་། སྤོན་ཊ་གཏན་སློབ། སྤུ་རུ་ཝ་ལ་ཉིན་སློབ། མན་སྤར་ཉིན་སློབ། གྷོ་ཊན་གའུ་ཉིན་སློབ། ཅོན་ཏ་ར་ཉིན་སློབ། བསུ་ན་མདའ་ཉིན་སློབ། ར་ཝང་ལ་ཉིན་སློབ། བསྟན་འཛིན་སྒང་ཉིན་སློབ། སྦིར་ཉིན་སློབ། ཏེ་ཛུ་ཉིན་སློབ། མ་ན་ལི་ཉིན་སློབ་བཅས་ཀྱི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་ ༩༣ མཉམ་ཞུགས་གནང་ཡོད། དེ་ཡང་ཟབ་སྦྱོང་དེའི་ཁྱད་སྟོན་པ་ནི་དྷ་སར་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བྷུ་དྷ་སྐྱབས་ལགས་དང་ཚོགས་མི་སྐལ་བཟང་དབང་འདུ་ལགས་རྣམ་གཉིས་ཡིན་པ་དང་། ཟབ་སྦྱོང་དེའི་ཐོག་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིན་ལམ་སྟོན་གྱི་དོན་ཚན་ཁག་ངོ་སྤྲོད་དང་། ལྷག་པར་དོན་ཚན་ལྔ་པ་དགེ་རྒན་ཕ་མའི་ཚོགས་ཆུང་གི་ལས་འགན་དང་ལས་དོན་བྱེད་ཕྱོགས་སྐོར་ཟབ་ཁྲིད་གནང་བ་མ་ཟད། ཁྱད་སྟོན་པ་རྣམ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་གྲོས་བསྡུར་དང་བྱེད་སྒོ་ཁག་ནང་ཚོགས་མི་རྣམས་ནས་མཉམ་ཞུགས་གང་ལེགས་གནང་སྟེ་དྲྭ་ཐོག་ཟབ་སྦྱོང་ཡོངས་རྫོགས་ཚགས་ཚུད་ངང་འཇུག་སྒྲིལ།

དེ་བཞིན་ད་ལྟའི་དུས་འདིར་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་སྔོན་འགོག་གི་ཚུལ་དུ་ཟབ་སྦྱོང་ཡོངས་རྫོགས་དྲྭ་ཐོག་ནས་གོ་སྒྲིག་ཞུས་ཡོད་ནའང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གིས་ཞུས་དོན་ལྟར། དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་ཁྱད་སྟོན་པ་རྣམས་དྷ་སར་གནས་སྡོད་བྱེད་མཁན་ཡིན་སྟབས། དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཟབ་སྦྱོང་དེ་བཞིན་ཁྱད་སྟོན་རྣམ་གཉིས་གདན་ཞུས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ ཉིན་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་གོ་སྒྲིག་ཞུས།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བརྒྱད་པ་ཚོགས་པ།
ཕྱི་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།
Menu