ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༧  ནས་ ༡༤ བར་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུ་ཡིན་པའི་སློབ་གྲྭ་ཆེ་ཁག་དྲུག་ཡོད་པ་ལས་ལྔ་སྟེ། སིམ་ལ་དང་། ཧར་སྤུར། མ་སུ་རི། རྡོར་གླིང་། ཀ་སྦུག་བཅས་ཀྱི་གཏན་སློབ་ཁག་དང་། དེ་བཞིན་བོན་གཞིས་ཌོ་ལན་ཇི་དང་ལྡི་ལི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༦ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༨།༡༥ ཙམ་ལ་སིམ་ལའི་ (Tawi More, Boileauganj Bypass Road) ཞེས་པའི་རྒྱུན་ལྡན་སྣེ་ལེན་གསོལ་མགྲོན་ཁང་དུ་ཕེབས་འབྱོར་སྐབས་སིམ་སྤྱིས་གཙོས་ས་འཐུས་ཚོགས་གཙོ་དང་འཐུས་མི་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། དགོན་སྡེ་གཉིས་ཀྱི་ཕྱག་མཛོད་སོགས་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སིམ་ལ་གཏན་སློབ་ཀྱི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མངོན་བསྟོད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་མཛད་སྒོར་ཕེབས་ཏེ་སློབ་གྲྭའི་སློབ་སྤྱི་ཨེས་ཀེ་སིངྒ་ (Mr S.K.Singh) ལགས་དང་། རེག་ཊར་ཕུན་ཚོགས་ཚེ་རིང་ལགས། དགེ་ལས་ཡོངས་དང་ཐུག་འཕྲད་ཀྱིས་གསུང་གཤད་གནང་དོན། ད་རེས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་ཁག་ལ་ཆེད་མངགས་བཅར་དགོས་དོན་གཙོ་བོ་ནི། གཏན་སློབ་ཁག་ལྔའི་ཁྱོན་ཡོངས་ཀྱི་གནས་སྟངས་རྒྱུས་ལོན་དང་། ད་ཆ་སློབ་གྲྭ་དེ་དག་དང་ཐད་ཀར་འགན་ཡོད་སྟབས་འབྲེལ་ཡོད་མི་སྣ་ཚོའི་དགོངས་ཚུལ་ཇི་ཡིན་ཤེས་རྟོག་སླད་ས་གནས་སུ་བཅར་བ་ཡིན།

སློབ་གྲྭ་རྩིས་ལེན་གྱི་ལས་དོན་འདི་གལ་ཆེ་དོན་ཆེར་རྩི་བཞིན་ཡོད། གཙོ་ཆེར་སློབ་གྲྭའི་འཛིན་སྐྱོང་གི་དཀའ་ངལ་ཁོ་ན་མིན་པར་མ་འོངས་པར་བོད་མི་གཞོན་སྐྱེས་ཚོའི་མདུན་ལམ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ས་གནས་སུ་ཡོང་རྒྱུ་དེ་གལ་ཆེ་དོན་ཆེར་བརྩིས་ནས་བཅར་བ་ཡིན། ས་གནས་སུ་དངོས་སུ་ཡོང་ཐུབ་པ་ཡིན་ན་གནས་སྟངས་ཇི་མ་ཇི་བཞིན་རྒྱུས་ལོན་ཐུབ་རྒྱུར་ཕན་ཐོགས་ཆེ་བ་ཡོད།

སློབ་གྲྭ་ཆེ་ཁག་ལྔ་ལ་ལྟ་སྐོར་གྲུབ་རྗེས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་གཙོ་བོ་སློབ་ཕྲུག་དང་སློབ་གྲྭ་དེ་དག་གི་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་གོམ་པ་མདུན་སྤོ་ཐུབ་ཆེད་བགྲོ་གླེང་དང་། ལས་དོན་མཇུག་སྐྱོང་ཡོད་རིགས་ལ་མཐའ་འཁྱོངས་བྱ་རྒྱུ། དེ་བཞིན་ལག་བསྟར་ཐུབ་ངེས་ཀྱིས་ལས་གཞི་ཁག་མགྱོགས་མྱུར་ལག་བསྟར་བྱ་རྒྱུ་ཡིན།

དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སིམ་ལ་གཏན་སློབ་ལ་མཚོན་ན། ད་ཆ་ཁྱོན་སློབ་ཕྲུག་གྲངས་ ༣༥༡ ཡོད་ཁོངས་ནས་བོད་པའི་སློབ་ཕྲུག་གྲངས་ ༡༣ ཡོད་ཅིང་། རྒྱ་གར་སློབ་ཕྲུག་ ༢༥༣ དང་ཧི་མ་ལ་ཡ་རི་རྒྱུད་ནས་སློབ་ཕྲུག་གྲངས་ ༨༥ ཡོད། ཕྱོགས་མཚུངས་གཏན་སློབ་ཁག་གཞན་གྱི་ནང་དུའང་གནས་སྟངས་གཅིག་མཚུངས་ལྟ་བུ་ཆགས་ཡོད།

སྤྱིར་ཉེ་བའི་ལོ་ཤས་ནང་སློབ་ཕྲུག་གི་གྲངས་བརྒྱ་ཆ་ ༥༠ ཙམ་ཉུང་དུ་ཕྱིན་ཡོད་པ་དེར་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཡོད་ཀྱང་གཙོ་ཆེར་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནས་རྒྱ་བལ་འབྲུག་གསུམ་གྱི་ས་ཁུལ་དུ་བྲོས་བྱོལ་དུ་ཡོང་མ་ཐུབ་པའམ་ས་མཚམས་ནས་ཧ་ཅང་ཉུང་ངུ་ལས་མ་ཐར་བ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་བྱུང་རྐྱེན་བོད་པའི་ཕ་མ་ཁག་གཅིག་གིས་རང་གི་ཕྲུ་གུ་རྣམས་རྒྱ་གར་ནང་གི་སློབ་གྲྭ་གཞན་ཁག་ཏུ་སློབ་འཇུག་བྱས་པ་སོགས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་གནས་སྟངས་འདི་ཆགས་ཡོད་སྐོར་སོགས་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སིམ་ལ་སློབ་གྲྭའི་ས་གླ་དེ་བཞིན་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་ལྕོག་ནས་གསོལ་རས་སྩལ་བ་དང་། དེ་ནས་རིམ་བཞིན་སློབ་གྲྭའི་ནང་བོད་པའི་སློབ་ཕྲུག་སྟོང་ཕྲག་མང་པོར་ཤེས་ཡོན་སློབ་གསོའི་ལས་དོན་གཟེངས་སུ་ཐོན་པ་གནང་ཡོད་སྐོར་སོགས་སིམ་ལ་གཏན་སློབ་དེ་ཉིད་ཕྱི་ལོ་ ༡༩༦༡ ལོར་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་བར་གྱི་གནས་སྟངས་རོབ་ཙམ་ངོ་སྤྲོད་གནང་།

དེ་རྗེས་ཤེས་རིག་དྲུང་ཆེས་སློབ་གྲྭ་རྩིས་ལེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཕྱི་ལོ་ ༢༠༡༣ ལོར་ཐོག་མར་རྩིས་ལེན་གྱི་ལས་གཞི་འགོ་བརྩམས་པ་ནས་བཟུང་ད་ཆ་རྩིས་ལེན་གྱི་ལས་རིམ་མཐའ་མ་ཆགས་ཡོད་པ་དང་། ད་བར་ཤེས་རིག་ལས་ཁུངས་ནས་རྩིས་ལེན་ཟིན་པའི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་སློབ་གསོ་སོགས་གང་ཅིར་འཐུས་ཤོར་མེད་པར་ཧྲ་ཏག་ཏག་འགྲོ་བཞིན་ཡོད་པ་དང་། དགེ་ལས་རྣམས་ལའང་ལས་ཤག་ཉམས་གསོ་སོགས་ཀྱི་ལས་གཞི་སྤྱི་ཡོངས་ནས་ཚགས་ཚུད་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་སོགས་གསུངས།

མཛད་སྒོ་གྲོལ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགེ་ལས་ཡོངས་དང་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད་དྲི་བ་དྲིས་ལན་སོགས་ཡོངས་སུ་ལེགས་གྲུབ་རྗེས་ཉིན་རྒྱབ་བོན་གཞིས་ཌོ་ལན་ཇིར་ཕེབས་ཐོན་གནང་ཡོད།  སྤྱིར་དེ་སྔ་རྒྱ་གར་དབུས་གཞུང་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་འཁེལ་བ་ནས་བཟུང་ད་བར་དབུས་བོད་སློབ་འཛིན་ཚོགས་ནས་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་། གཞི་རིམ་འོག་མའི་སློབ་གྲྭ་ཁག་ ༩ གཞི་རིམ་བར་མའི་སློབ་གྲྭ་ཁག་ ༥ འཛིན་གྲྭ་བཅུ་པ་དང་བཅུ་གཉིས་བར་ཡོད་པའི་སློབ་གྲྭ་ཁག་ ༨ བཅས་རྩིས་སྤྲོད་གནང་གྲུབ་ཡོད་པ་བཅས།།

 

སྔོན་མ།
ཤེས་རིག་ལས་ཁུངས་ནས་བསྟན་འཛིན་ནོར་དབྱངས་ལགས་ལ་སྦྱངས་འབྲས་གཟེངས་སུ་ཐོན་པའི་གསེར་གྱི་རྟགས་མ་ཐོབ་པར་དགའ་བསུ་གནང་བ།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་བོན་གཞིས་ཌོ་ལན་ཇིར་འཚམས་གཟིགས་གནང་བ།
Menu