ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་བོན་གཞིས་ཌོ་ལན་ཇིར་འཚམས་གཟིགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༧ ཉིན་གྱི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོན་གཞིས་ཌོ་ལན་ཇིར་ཕེབས་འབྱོར་བྱུང་བ་དང་བསྟུན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་མཇལ་རྗེས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གནས་གཟིགས་ཕེབས་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོགརྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་པ་རྒྱ་ཆེ་བསྐྱངས་པ་དང་། ལྷག་པར་སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བསྟན་པ་སྤྱི་ལ་ཞབས་ཞུ་ལྷག་བསམ་རྣམ་དག་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། ༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་དེ་སྔ་ཕྱི་རྒྱལ་དུ་ཐེངས་གཅིག་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་མ་ཟད། ཐེངས་འདིར་ཡང་བོན་གཞིས་སུ་ཐེངས་དང་པོར་བཅར་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ལ་མཇལ་ཕྱག་ཞུ་རྒྱུ་བྱུང་བ་དེ་ཡང་བསོད་ནམས་ཀྱི་བགོ་སྐལ་ཞིག་ལ་རྩི་བཞིན་ཡོད་ཅེས་ཞུས།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་༧སྐྱབས་རྗེ་ཞིང་ཁམས་པའི་ ༼ གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་། ༽ རྟེན་བཤད་དང་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆིབས་སྒྱུར་སྐབས་ཁྲི་པའི་དབུ་ཞྭ་མཆོད་པའི་སྐུ་ཐང་ཞིག་ཕུལ་གནང་།

གནས་གཟིགས་ལེགས་པར་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་ཌོ་ལན་ཇི་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་། སྤྱིར་ཌོ་ལན་ཇི་སློབ་གྲྭ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ པའི་ནང་སཾ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་གྲུབ་ཟིན་པ་ཞིག་ཡིན་འདུག དེ་ཉིན་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་རྗེས་ས་གནས་སུ་བཞུགས་བཞག་གནང་བ་དང་། ཕྱི་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ཧར་སྤུར་གཏན་སློབ་ཏུ་ཕྱོགས་ཕེབས་གནང་ཡོད།

ད་ལན་དཔལ་ལྡན་སྲིད་སྐྱོང་མཆོག་བོན་གཞིས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་བྱུང་མེད་ཅིང་། ཐེངས་འདིར་གཙོ་བོ་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་གནང་བསྡད་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཆེ་ཁག་ལྔ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་རྒྱུ་གཙོ་བོ་ཡིན་འདུག འོན་ཀྱང་རིང་མིན་དཔལ་ལྡན་སྲིད་སྐྱོང་མཆོག་བསྐྱར་དུ་ཌོ་ལན་ཇི་བོན་གཞིས་སུ་ཕེབས་ནས་མང་ཚོགས་དང་ཐུག་འཕྲད་ཀྱིས་དམངས་ཀྱི་བདེ་སྡུག་གསན་བཞེས་གནང་གཏན་འཁེལ་འདུག 

ད་ལན་བོན་གཞིས་ཌོ་ལན་ཇི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གཙོས་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་དང་མི་མང་ཡོངས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་དང་པོར་བོན་གཞིས་སུ་ཕེབས་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས། །

སྔོན་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་གནང་བ།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཧར་སྤུར་གཏན་སློབ་ཏུ་འཚམས་གཟིགས་གནང་བ།
Menu