ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་འགོ་འཛུགས་ཞུས།

གསར་འཕྲིན།

༄༅། །འདི་ཟླའི་ཚེས་ ༢ སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཀྱི་ཟློས་གར་ཚོགས་པར་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ ནས་ ༡༡ བར་གྱི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་འགོ་འཛུགས་ཞུས།དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན། འཁྲབ་ཚན་འགན་འཛིན་དབུས་པའི་ཤེས་རིག་ཤེས་ཡོན་འགན་འཛིན། འབྲེལ་ཡོད་ཟློས་གར་ཚོགས་པའི་དགེ་རྒན་རྣམ་པ་བཅས་ཚོགས་ཞུགས་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་ ༡༧ གྱི་ཟློས་དགེ་གྲངས་ ༢༤ ཚོགས་བཅར་གནང་ཡོད་པ་རེད། ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་ཞུ་དང་སྦྲགས་ཟབ་སྦྱོང་གི་དམིགས་ཡུལ། ཚོགས་ཐེངས།  སློབ་ཚན་སོགས་ངོ་སྤྲོད་གནང༌།
    དེའི་རྗེས་བོད་གཞུང་ཟློས་གར་གྱི་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟློས་དགེ་རྣམས་ནས་སློབ་གྲྭ་ཁག་ནང་ཟློས་གར་དང་འབྲེལ་བའི་སློབ་ཁྲིད་འཁྲབ་གཞས་དང་གླུ་གཞས་ཙམ་མིན་པར་ཟློས་གར་ནི་རིག་གནས་ཆུང་བ་ལྔའི་ནང་གཅིག་ཆགས་ཡོད་སྟབས་རིག་པའི་གཞུང་ལུགས་གལ་ཆེ་ཞིག་གི་ངོ་བོར་སློབ་ཁྲིད་གནང་གལ་དང་འབྲེལ་མ་འོངས་པར་ཟློས་གར་ཐོག་ཁྱད་ལས་གསོ་སྐྱོང་གནང་དགོས་གལ་སྐོར་སོགས་ལམ་སྟོན་གནང༌།
    དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་གིས་ཟློས་གར་གྱི་གལ་གནད་དང་འབྲེལ་ཟློས་དགེའི་ལས་འགན། སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ཤུགས་སྣོན་གནང་ཕྱོགས།  ཟློས་དགེ་རྣམས་ནས་སོ་སོའི་སློབ་ཚན་ཙམ་མིན་པར་སློབ་གྲྭའི་འགོ་ལས་དང་ལས་རོགས་སོགས་བསྟུན་མཁས་དང་འབྲེལ་སློབ་གྲྭའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐུགས་སྣང་དགོས་གལ། རང་རེའི་བོད་པའི་སློབ་གྲྭའི་ནང་ནང་ཆོས་དང་བོད་ཀྱི་སྐད་ཡིག ཟློས་གར་བཅས་སློབ་ཚན་གསུམ་ནི་བོད་པའི་སློབ་གྲྭ་རྒྱ་གར་སོགས་ཀྱི་སློབ་གྲྭ་ལས་ལོགས་སུ་འབུར་འདོན་ཐུབ་པའི་ཁྱད་ཆོས་གལ་གནད་ཆེ་ཤོས་ཆགས་ཡོད་སྟབས་དམིགས་དོན་འཁེལ་བ་ཞིག་ཡོང་ཐབས་དང་འབྲེལ་ཟློས་དགེ་སོ་སོའི་ཤེས་ཚད་དུས་ནས་དུས་སུ་ཡར་རྒྱས་གཏོང་རྒྱུ་གལ་འགངས་ཆེ་བ་བཅས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ་དང། ཟློས་གར་ཚོགས་པའི་དབུ་ལས་ཡོངས་ནས་ཤེས་རིག་ཟློས་དགེ་འོས་སྦྱོང་དང་ཟབ་སྦྱོང་སོགས་ལ་མཐུན་འགྱུར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ནས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ་བ་རེད།
 

སྔོན་མ།
ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ལས་གཞི།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་གྱི་ངོ་བོ་གོ་བདེར་འགྲེལ་བ།
Menu