ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་ཀྱི་ཟློས་གར་དུ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་ ༡༧ ནས་ཕེབས་པའི་ཟློས་དགེ་ ༢༤ ལ་ཉིན་གྲངས་བཅུ་རིང་གི་ཟབ་སྦྱོང་དེ་མཇུག་སྒྲིལ་གནང།
    དེ་ཡང་བོད་ཀྱི་ཟློས་གར་གྱི་འཛིན་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་གིས་གཙོས་བོད་ཀྱི་ཟློས་གར་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་དང་། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། དེ་བཞིན་ཤེས་རིག་འབྲེལ་ཡོད་ལས་བྱེད་ཚེ་རིང་དབྱངས་སྐྱིད་ལགས། ཟློས་དགེ་ཟབ་ཁྲིད་གནང་མཁན་དགེ་རྒན་རྣམ་པ་དང་ཟབ་སྦྱོང་བ་རྣམ་པ་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ལས་དོན་སྙིང་བསྡུས་ངོ་སྤྲོད་དང་། ཟབ་སྦྱོང་བའི་སྐུ་ཚབ་ཌོ་ལན་ཇི་ཟློས་དགེ་བསོད་ནམས་དཔལ་འབྱོར་ལགས་ཀྱིས་མྱོང་ཚོར་གསུང་བཤད་གནང། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་ཟློས་གར་གྱི་དགེ་མཚན་སྐོར་གསུང་བཤད་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ་མཇུག་བསྡོམས་གསུང་བཤད་གནང་དོན།
    དེ་རིང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཏན་འཇགས་སློབ་གྲྭ་ཁག་ནས་ཟབ་སྦྱོང་དུ་ཕེབས་པའི་ཟློས་དགེ་རྣམ་པ་གཙོས་པའི་ཚང་མར་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་གཞིས་བྱེས་བོད་མིར་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཡོད། མགོན་པོ་གང་ཉིད་མཆོག་ལ་རླབས་ཆེན་གྱི་དགོངས་གཞི་མང་དག་ཅིག་ཡོད་ཁོངས་ནས་བོད་ཀྱི་ཟློས་གར་ཚོགས་པ་འདི་གཅིག་ཡིན། ༸གོང་ས་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་གི་རྣམ་པ་རྒྱུན་གནས་ཐུབ་ཆེད་སློབ་གྲྭ་འཛུགས་རྒྱུ་གལ་ཆེ་ཤོས་དང་། དེ་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་རྣམས་མི་རབས་གཞོན་པ་ཚོར་འཐུས་སྒོ་ཚང་བ་ཞིག་བརྒྱུད་སྤྲོད་ཡོང་ཆེད་ཟློས་གར་དབུ་འཛུགས་མཛད་ཡོད། ཟློས༌གར་ནི་ང་ཚོའི་རིག་གནས་ནང་ཡོད་པ་མ་ཟད། བོད་མི་རིགས་ཀྱི་ཆས་གོས་དང་སྐད་ཡིག་རྣམས་རྒྱ་མི་རིགས་དང་ཐ་དད་ཡིན་པའི་ངོ་སྤྲོད་བྱེད་ཐུབ་ཀྱི་ཡོད། དེང་སྐབས་འཛམ་གླིང་འདིིའི་སྟེང་གི་མི་མང་དག་ཅིག་གིས་བོད་ཀྱི་ཐུན་མིན་རིག་གཞུང་གཙོ་བོ་གྱུར་བའི་རྐང་བྲོ་གླུ་གཞས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་རིང་རྣམ་པ་ཚོ་ཟབ་སྦྱོང་དུ་ཕེབས་ཡོད། དེར་བརྟེན་ཁྱེད་རྣམ་པ་སློབ་གྲྭ་ཁག་ཏུ་ཕེབས་རྗེས་སློབ་ཕྲུག་ཚོར་སྔར་ལྷག་སློབ་ཁྲིད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། ཀོང་གཞས་དང་སྟོད་གཞས་སོགས་གང་ཞིག་བསླབ་ཀྱང་ས་ཁུལ་དེའི་གནས་སྟངས་མཉམ་དུ་བསླབ་ཐུབ་ན་སློབ་ཕྲུག་ཚོའི་སེམས་ནང་བག་ཆགས་འཇོག་རྒྱུ་ཧ་ཅང་དགེ་མཚན་ཆེན་པོ་ཡོད། ལྷག་པར་འཛིན་གྲྭ་མཐོ་བའི་སློབ་ཕྲུག་ཚོར་གཞས་ཚིག་ཆབ་སྲིད་ལྡན་པ་དེ་འདྲ་བརྩམས་ནས་བསླབ་སྟེ་སློབ་ཕྲུག་ཚོའི་སེམས་ལ་འཇུག་པོ་ཡོང་བ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།

 

སྔོན་མ།
ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་གྱི་ངོ་བོ་གོ་བདེར་འགྲེལ་བ།
ཕྱི་མ།
སྐབས་གསུམ་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་སྒྲིལ་བ།
Menu