ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེ་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཕྱེད་ཡོལ་ཆུ་ཚོད་  ༢།༣༠ ཐོག་དྷ་ས་སྣེ་ལེན་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་དགེ་རྒན་རྣམས་ལ་སྔོན་འགྲོའི་སློབ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་གཙོར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་ཚོགས་ཕེབས་ཀྱིས་སློབ་ཁྲིད་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་ཟབ་སྦྱོང་པ་རྣམས་ལ་ཕྱག་ཁྱེར་གསོལ་བསྩལ་གནང་ཡོད་པ་རེད། 
    གཞན་ཡང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ད་ལན་ཟབ་སྦྱོང་ནང་གཙོ་བོ་མོན་ཊེ་སོ་རིའི་ལམ་ལུགས་ཀྱི་ལྟ་གྲུབ་དང་། བོད་ཡིག་དང་ཨང་རྩིས་སློབ་ཁྲིད་ཐབས་ལམ་ཐད་ཤུགས་སྣོན་བསྐྱོན་ཐུབ་པ་བྱུང་ཡོད་པ་སོགས་ལས་བསྡོམས་ཞིབ་ཕྲ་སྙན་སྒྲོན་ཞུས།  ཟབ་སྦྱོང་པའི་སྐུ་ཚབ་མན་སྤར་སྔོན་དགེ་ཀུན་དགའ་ཆོས་སྒྲོན་ལགས་ནས་ཟབ་སྦྱོང་པའི་ཚབ་ཞུས་ནས་ད་བར་ཟབ་སྦྱོང་ལན་བཞི་ཐོབ་མྱོང་ཡོད་པའི་ནང་ད་ལན་གཞན་དང་མི་འདྲ་བ་མོན་ཊེ་སོ་རིའི་ལྟ་གྲུབ་དང་། ཤེས་ཡོན་གྱི་དགོས་དམིགས། དགེ་རྒན་སོ་སོའི་ནས་ཟབ་སྦྱོང་ཙམ་མིན་པར་ཁྱད་ལས་གོང་མཐོར་གཏོང་ཕྱོགས་བཅས་ཀྱི་ཤེས་ཡོན་གང་ལེགས་ཐོབ་ཚུལ་སོགས་མྱོང་ཚོར་གསུང་བཤད་གནང། 
    སྐུ་མགྲོན་གཙོ་བོ་མཆོག་གི་མཇུག་བསྡོམས་ལམ་སྟོན་གསུང་བཤད་ནང་སྔོན་འགྲོའི་ཤེས་ཡོན་གྱི་གལ་གནད། སྔོན་དགེ་རྣམས་ནས་སློབ་མ་རྣམས་སློབ་གྲྭར་འགྲོ་རྒྱུར་སྤྲོ་སྣང་ལྡན་པ་བཟོ་ཕྱོགས། སློབ་ཕྲུག་ལ་བྱམས་སྐྱོང་གནང་བའི་ཕན་ཐོགས། ཉེས་རྡུང་སོགས་སྐྱོན་གནད།  སྔོན་འགྲོའི་སྐབས་ཀྱི་སློབ་ཕྲུག་གསོ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་སྐོར། ལྷག་པར་དུ་དགེ་རྒན་སོ་སོའི་ཁྱད་ལས་གོང་མཐོར་གཏོང་ཕྱོགས་ཐད་དགེ་རྒན་རང་ཉིད་ནས་འགན་ཁུར་གནང་ཕྱོགས།  གཞན་ཡང་སྔོན་དགེ་རྣམས་ནས་སྔར་ལྷག་ཤེས་ཡོན་སློབ་གསོའི་ལས་དོན་ཐད་ཐུགས་ཁུར་བཞེས་གནང་དགོས་པའི་སྐོར་སོགས་ལམ་སྟོན་ཟབ་རྒྱས་གནང། 
    དེའི་རྗེས་ཤེས་རིག་ལས་ཁུངས་ནས་ལས་དོ་པ་སངས་དབྱངས་འཛོམས་ནས་སྐུ་མགྲོན་གཙོ་བོ་མཆོག་དང་ཟབ་སྦྱོང་སློབ་ཁྲིད་གནང་མཁན། ལྷག་པར་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང། སྣེ་ལེན་ཁང་གི་དབུ་ལས་རྣམ་པ། གཞན་ཡང་ཟབ་སྦྱོང་ལ་དོན་གཉེར་ཆེད་བཅར་ཞུས་པའི་སྔོན་དགེ་རྣམ་པར་ཟབ་སྦྱོང་དོན་དང་ལྡན་པར་ལེགས་གྲུབ་བྱུང་བར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས།
     ཐེངས་འདིའི་ཟབ་སྦྱོང་ནང་གཞིས་ཆགས་ཁག་ ༡༤ ཡི་སྔོན་དགེ་གྲངས་ ༣༤ མཉམ་ཞུགས་གནང་ཡོད་པ་དང། ཤེས་རིག་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་སློབ་ཚང་མར་དྷ་ས་བོད་ཁྱིམ་ནས་འདོན་སྤེལ་ཞུས་པའི་བོད་ཡིག་དང་ཨང་རྩིས་ཁྲིད་ཆས་ཆ་ཚང་རེ་མཁོ་སྤྲོད་གནང་ཡོད་པ་བཅས།།  །།
 

སྔོན་མ།
གཞི་རིམ་འོག་མའི་སློབ་དགེ་ཚོགས་ཁག་གཉིས་པར་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།
ཕྱི་མ།
བལ་ཡུལ་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི་ཟུར་པ་དགེ་བློ་བཟང་བདེ་ལེགས་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།
Menu