ཟླ་རེའི་གསར་འགྱུར།

དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༤ ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་མཐོ་རིམ་སློབ་གྲྭ་ཁག་གི་ནང་ཚན་རིག་སློབ་ཚན་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་གྲངས་ ༩ ལ་དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་ཐེངས་ ༥ དབུ་འཛུགས་གནང་ཡོད།
དེ་ཡང་འདི་ཟླའི་ཕྱི་ཚེས་ ༢༤་དང་ ༢༥ བཅས་ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་གསུང་དོན། ཁྱེད་རང་ཚོ་ཟླ་བ་གཅིག་རིང་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་བར་ཕེབས་རྒྱུ་རེད། སོ་སོར་ཉམས་མྱོང་ཞིག་བསག་རྒྱུ་མ་ཟད། ང་ཚོའི་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་དང་སོ་སོར་སྤོབས་པ་སྐྱེས་དགོས་པ། རང་གཞན་གཉིས་ཀར་ཕན་ཐོགས་པ་ཞིག་བྱེད་དགོས། ཁྱེད་རང་ཚོས་ཤུགས་བརྒྱབ་སྟེ་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་ཚན་རིག་སློབ་མ་གང་མང་བསྐྲུན་ཐུབ་པ་བྱེད་རྒྱུ་ཧ་ཅང་གནད་འགག་ཆགས་ཡོད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་། སྐབས་དེར་ཚན་རིག་ཤེས་ཡོན་འགན་འཛིན་པ་སངས་མཆོག་པ་ལགས་ཀྱིས་དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་ཀྱི་བྱུང་རིམ་དང་གལ་གནད། དེ་བཞིན་རྒྱུས་སྟོན་ལས་འཆར་འདི་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ལྡི་ལི་དང་། སིམ་ལ་སོགས་ནས་མཐོ་སློབ་ཐོན་ཟིན་པ་དང་མཐོ་སློབ་འགྲིམ་བཞིན་པའི་ཚན་རིག་སློབ་ཕྲུག་མི་གྲངས་ ༩ མཉམ་ཞུགས་གནང་ཡོད། ཉིན་གྲངས་གཉིས་རིང་གི་རྒྱུས་སྟོན་ལས་འཆར་འདི་གྲུབ་རྗེས་སུ་ཇཱ་བོད་ཁྱིམ་དང་། ལ་དྭགས་བོད་ཁྱིམ། དྷ་ས་བོད་ཁྱིམ་སྟེང་ཤོད་གཉིས། མེ་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བདེ་སྐྱིད་གླིང་སློབ་གྲྭ སྦེལ་ཀོབ་བོད་ཁྱིམ་བཅས་སུ་བསྐྱོད་དེ་སློབ་ཁྲིད་གནང་འགོ་འཛུགས་རྒྱུ་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་མཁན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སམ་བྷོོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་སྤྱི་ཁྱབ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། དེ་སྔ་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལས་ཚབ་བསྟན་འཛིན་ཆོས་སྒྲོན་ལགས་བཅས་ཡིན་འདུག
སྤྱིར་དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་འདི་བཞིན་མཐོ་རིམ་སློབ་གྲྭ་ཁག་གི་ནང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་ཀྱི་དབྱར་དུས་གུང་སེང་སྐབས་དང་བསྟུན། བོད་མིའི་སློབ་གྲྭ་ཁག་གི་ནང་ཟླ་བ་གཅིག་རིང་སློབ་ཁྲིད་བྱ་རྒྱུར་གོ་སྐབས་བསྐྲུན་ཆེད་ཡིན་འདུག ཟབ་སྦྱོང་འདིའི་དམིགས་ཡུལ་ནི་མཐོ་སློབ་ཁག་གི་ནང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་སློབ་ཁྲིད་བྱེད་རྒྱུ་དེ་སོ་སོའི་མདུན་ལམ་འདམས་རྒྱུར་སེམས་སྐུལ་ཐེབས་ཆེད་དང་། བོད་མིའི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་ལམ་སྟོན་དང་མིག་དཔེ་བཟང་པོ་བསྐྲུན་རྒྱུ། དེ་བཞིན་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་རྣམས་ལ་སྤྱི་ཚོགས་ནང་དང་བླངས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བསྐྲུན་ཆེད་བཅས་ཡིན།
ལས་འཆར་འདི་ལ་(NCA) རོགས་ཚོགས་ཀྱི་དཔལ་འབྱོར་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།

སྔོན་མ།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་དེབ་ཕྲེང་དང་པོ་དབུ་འབྱེད་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པའི་བྱིས་པའི་འཁྲབ་སྟོན་བརྙན་སྡེར་དབུ་འབྱེད་གནང་བ།
Menu