ཟླ་རེའི་གསར་འགྱུར།

དབྱིན་བོད་ཤན་སྦྱར་བརྡ་ཆད་གཏན་འབེབས་ཀྱི་དེབ་ཕྲེང་བཞི་པ་དབུ་འབྱེད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་གཏན་འབེབས་ཚོགས་ཆུང་ནས་རྩོམ་སྒྲིག་གནང་བའི་དབྱིན་བོད་ཤན་སྦྱར་གྱི་བརྡ་ཆད་གཏན་འབེབས་དེབ་ཕྲེང་བཞི་པ་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་།
    དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་ཨཅཱརྱ་ཀརྨ་སྨོན་ལམ་ལགས། དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས། ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ལྷན་ཁང་ཁག་གི་འབྲེལ་ཡོད་ལས་བྱེད་དང་གསར་འགོད་བཅས་ཁྱོན་མི་གྲངས་ ༤༠ བརྒལ་ལྷན་འཛོམས་ཀྱི་ཐོག་མར་སྤྱི་ཁྱབ་རྩོམ་སྒྲིག་པས་ཐ་སྙད་གཏན་འབེབས་ཀྱི་འཕེལ་རིམ་ངོ་སྤྲོད་གནང་རྗེས་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དཔེ་དེབ་དབུ་འབྱེད་སྦྲགས་གསུང་བཤད་གནང་དོན། ང་ཚོའི་ལས་གཞི་འདི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ལས་གཞི་རྒྱ་ཆེན་པོ་ཞིག་ཡིན་སྟབས། ཚང་མས་མཉམ་རུབ་གནང་དགོས། སྤྱིར་བཏང་ང་ཚོས་སྐད་ཡིག་བརྗོད་སྐབས། མི་རིགས་བླ་སྲོག་ཡིན་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་རྟེན་ཡང་ཆགས་ཡོད། དེར་བརྟེན་ད་ལྟའི་སྐད་ཡིག་ཐོག་བསམ་བློ་བཏང་ན། ཧ་ཅང་ཉེན་ཚབས་ཆེ་བའི་སྟེང་སླེབས་འདུག་བསམ་དྲན་གྱི་ཡོད། སྐད་ཡིག་གསོན་གནས་ཐུབ་ཆེད་སྐད་ཡིག་བེད་སྤྱོད་བྱེད་དགོས་ཀྱི་འདུག བོད་ཕྱི་ནང་གཉིས་ཀར་བེད་སྤྱོད་ཀྱི་འགལ་རྐྱེན་འཕྲད་ཀྱི་ཡོད། བོད་ནང་རྒྱ་ནག་གཞུང་ནས་འཆར་གཞི་ལྡན་པའི་ཐོག་བོད་ཡིག་བཀོལ་སྤྱོད་བྱ་རྒྱུར་འགལ་རྐྱེན་བཟོ་གི་ཡོད། འོན་ཀྱང་མི་མང་གི་ཐབས་ཤེས་སྣ་ཚོགས་དང་ལྷག་པར་སློབ་ཕྲུག་ཚོས་ཞི་རྒོལ་གནང་ཡོད། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་རང་གི་སྐད་ཡིག་བེད་སྤྱོད་ག་ཚོད་ཙམ་ཞིག་བྱེད་ཀྱི་ཡོད་མེད་ང་ཚོས་ཤེས་གསལ་རེད། སྐད་ཡིག་སྔོན་མ་ཡོད་པ་བེད་སྤྱོད་མ་བྱས་པ་དང་། སྤྱི་ཚོགས་འཕོ་འགྱུར་གྱི་ཐོན་རྫས་གསར་པར་སྐད་ཡིག་གཞན་གྱི་ཐ་སྙད་བེད་སྤྱོད་གཏོང་དགོས་པ་ཆགས་ཀྱི་ཡོད། ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་ལྟ་སྐབས། བོད་པའི་སྐད་ཡིག་ཛ་དྲག་ཐོག་སླེབས་ཀྱི་འདུག་ཅེས་སོགས་དང་།
    ལྷག་པར་ཁོང་གིས་གསུང་དོན། དངོས་པོ་ཡོད་པ་རྣམས་ལ་གཅིག་གྱུར་གྱི་ཐ་སྙད་གཏན་འབེབས་ཡོང་ཐབས་གནང་དགོས། དངོས་པོ་གསར་པར་ཁ་ཐུག་གི་ཐ་སྙད་བཟོས་ཏེ་མང་ཚོགས་ནང་ངོ་སྤྲོད་ཀྱི་ལས་རིམ་དེ་གཉིས་ཀྱི་ཐོག་ནས་མི་ཉམས་གོང་འཕེལ་དང་རྒྱུད་འཛིན་བྱེད་དགོས་པར་བརྟེན། སྤྱི་ཚོགས་སྟེང་གི་རྩོམ་སྒྲིག་པ་དང་མང་ཚོགས། དེ་བཞིན་བརྒྱུད་ལམ་ཁག་སོགས་ནས་བེད་སྤྱོད་གང་མང་གནང་རེ་དང་། ཐ་སྙད་ཁག་འཐད་མིན་གྱི་དགོངས་འཆར་གནང་མཁན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་ཡོད།
      ད་བར་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་གཏན་འབེབས་ཚོགས་ཆུང་གིས་ཐ་སྙད་གྲངས་ ༤༠༠༠ ཙམ་གཏན་འབེབས་གནང་ཡོད་པ་མ་ཟད། ཐེངས་འདིའི་དེབ་ཕྲེང་བཞི་པ་དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་ཐ་སྙད་དང་། ནད་དང་སྨན་གྱི་སྐོར་ཡིན་འདུག་པ་བཅས། །
 

སྔོན་མ།
རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།
ཕྱི་མ།
༄༅།།བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ་བཞུགས་སོ། །
Menu