ཟླ་རེའི་གསར་འགྱུར།

དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།

དཔྱད་བརྗོད།

བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ།

༄༅། །བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དེ་གཅེས་འཛིན་གྱི་ཐབས་ལམ། རྩོམ་ཡིག་སོགས་ཀློག་མཁན་སུ་ཡིན། རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད་འགོད་ཚུལ་གྱི་འགན། གསར་འགོད་ལས་རིགས་པའི་གནས་བབས། བསྡུ་ཚིག་སྐོར། ཞེ་ས་ཡོད་མེད། གཞུང་དོན་ཕྱོགས་བསྐྱོད། ཡོད། རེད། ཡིན། བྱུང་། སོང་། འདུག  ཡོད་པ་རེད་འདུག  ཡོད་པ་རེད་མི་འདུག  ཡོད་མི་འདུག  དྲ་རྒྱ། དྲ་སྣང་། དྲ་བརྙན། གཅིག་དགུ་དགུ་བརྒྱད་ལོ། དོན་ཚན་གཅིག  གཉིས གསུམ། བཞི་སོགས། ཡིག་འབྲུ། གྲངས་ཀ་བརྩི་སྟངས། མཁས་དབང་། ༧སྐྱབས་མགོན་རིན་པོ་ཆེ། ༧སྐྱབས་རྗེ། ལགས། སྐུ་ཞབས། རྒན་ལགས། ཁྱིམ་མིང་། བླ་སྤྱི། བཀའ་སློབ། འཆམ་འཁྲབ། སློབ་མ། ནམ་ཡང་། གང་དག  རེད་“པཱས།” ཡིན་“པཱ།” ཐག་གཅོད། གནས་ཚུལ་ལྷག  མིག་སྔར། འདོད། མི་ཉུང་བ་ཞིག  ཞུ་“ཡཱ་”ཡིན། བཀྲ་ཤིས་བདེ་ལེགས། ཡིག་རྟགས་ཁག  ཁ་སྐད་ཡིག་ཐོག་ཏུ་འབྲི་བའི་དགེ་མཚན་བཅས་ཀྱི་སྐོར་ཡོད་པས། བོད་ཡིག་ལ་ཐུགས་སྣང་ཡོད་རིགས་སྤྱི་དང་། ལྷག་པར་རྩོམ་ཡིག་དང་བསམ་ཚུལ་འབྲི་མཁན། དེ་བཞིན་གསར་འགོད་ལས་རིགས་པ་རྣམས་ནས་དཔྱད་གཏམ་འདི་བཞིན་ཉིན་རེའི་ཚག་དཔར་ལྟར་ཐེངས་གཅིག་རོབ་ཙམ་ཀློག་པ་མིན་པར། དཔར་བཤུས་ཉར་ནས་དཔྱད་ཞིབ་ནན་པོས་སྙིགས་འདོར་བཅུད་ལེན་གནང་བའི་རེ་བསྐུལ་ཞུ་བཞིན་ཡོད། 
    མི་ལོ་སྟོང་ཕྲག་འགའི་ལོ་རྒྱུས་རིང་པོ་ལྡན་པའི་བོད་ཀྱི་སྐད་ཡིག་འདི་ལ་ཆོས་སྲིད་རིག་གནས་སོགས་ཀྱི་བརྗོད་བྱ་གང་འདྲ་ཞིག་ཡིན་ནའང་དངོས་ཤུགས་བརྒྱུད་གསུམ་ནས་ཇི་ལྟར་སྟོན་པར་འདོད་པ་དེ་ལྟར་ངེས་སྟོན་ཐུབ་པའི་ནུས་པ་དང་ས་བོན་གཏིང་ཟབ་ལྡན་ལ། རྗོད་བྱེད་ཚིག་གི་ཆ་ནས་ཀྱང་སྙན་འཇེབས་ཡིད་དབང་འཕྲོག་ཅིང་། དགག་དགོས་དང་མཐུན་པའི་ཕྱི་ནང་གསང་གསུམ་གྱི་ཚིག་སྦྱོར་མདོ་སྦུག་གང་དགོས་དང་། གོ་སླ་དོན་གསལ་ངེས་སྟོན་ཐུབ་པ་ཡིན། དེའི་ཐོག་གང་ཟག་གཞན་ལ་གདེངས་འཇོག་ཇི་ཙམ་བྱེད་མིན་མཚོན་པའི་གུས་བཀུར་ཆེ་ཆུང་གི་རིམ་པ་དུ་མའི་ཁྱད་ཆོས་ཤིག་ཀྱང་ཡོད་པ་དེ་རྣམས་སྔོན་གྱི་བྱུང་རབས་ལོ་རྒྱུས་དང་། སྒྲུང་གཏམ། དེ་བཞིན་སྙན་ཞུ་ཁག་དང་། བཀའ་རྒྱ་རྩ་ཚིག  གཏན་ཚིག་ཤེ་བམ། ཁྲ་མ་སོགས་གནའ་བོའི་གཞུང་སྲོལ་ཡིག་འགྲོས། གཞན་ཡང་སྙན་ངག་ལ་སོགས་པའི་རིག་གནས་ཆུང་ཁག་དང་། བཀའ་བསྟན་གསུང་རབ་རྒྱ་མཚོར་རིག་གནས་ཆེ་བའི་དགོངས་དོན་ལེགས་སྦྱར་གྱི་སྐད་དང་དོ་མཉམ་པར་སྟོན་པའི་དཔང་རྟགས་ཐོན་བཞིན་པ་རྣམས་ཀྱིས་དཔོག་པར་ནུས།
    ལྷག་པར་རང་རེའི་སྐད་ཡིག་ལ་སྐད་ཡིག་གཞན་ལྟར་འགྱུར་བ་དེ་ཙམ་མ་སོང་བར་རྒྱུན་གནས་ཐུབ་པས། གནའ་བོའི་ཡིག་རྙིང་རྣམས་ཀྱང་དེང་རབས་ཀྱི་གཞོན་སྐྱེས་བོད་བརྡ་ཁོང་དུ་ཆུད་པ་ཕལ་མོ་ཆེ་ནས་གོ་དོན་ལེགས་རྟོགས་ནུས་པའི་དགེ་མཚན་ཡོད་པ་འདི་ནི་བླ་ན་མེད་པའི་ཁྱད་ཆོས་གཟི་བརྗིད་ལྡན་པ་ཞིག་ལོས་ཡིན།
    དེས་ན་རང་རེའི་རིག་གཞུང་ཆེ་ཕྲ་ལེགས་མཚོན་ཐུབ་པའི་སྐད་ཡིག་འདིའི་རང་འགྲོས་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ད་ལྟའི་གངས་ཅན་པ་རྣམས་ཀྱི་བགོ་སྐལ་དུ་སོང་བ་ལྟར། དེ་དོན་གཞིས་བྱེས་གཉིས་ཀའི་མི་རབས་གཞོན་པ་རྣམས་ཀྱི་རྩོམ་ཡིག་ཚད་ལྡན་དང་། ཡིད་སྨོན་སྐྱེ་བའི་བསམ་ཚུལ་གླེང་བརྗོད་རིམ་ཐོན་དུ་མས་ཡི་རང་བསྔགས་འོས་ཀྱི་བསམ་པ་དང་། རང་རིགས་ལ་སྤོབས་པ་སྐྱེ་གཞིར་གྱུར།
    ལྷག་པར་རང་ཡུལ་ཕྱོགས་ནས་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དང་། གསར་འགོད་ལས་རིགས་པ་རྣམས་ཀྱིས་བོད་ཡིག་གི་དག་ཆ་མ་ནོར་བ་དང་།  བྱ་བྱེད་མ་འདྲེས་ཤིང་། སྐད་ཡིག་གི་སྡེབ་སྦྱོར་བརྡ་དག་གི་ཚུལ་དང་མཐུན་པ་གཞི་རྩར་བཟུང་ནས། གུས་བཀུར་ཡོད་མེད་ཤས་མཚུངས་པའི་བརྗོད་བྱ་འགོད་ཕྱོགས་སྨོན་གནས་སུ་སྣང་བ་ལྟར། ད་དུང་ཡར་རྒྱས་ལ་ཚོད་འཛིན་མི་རུང་བའི་བསམ་པས་ལེགས་ཆ་སྤེལ་ཆེད་གཞིས་བྱེས་གཉིས་ཀྱི་འབྲི་རྩོམ་པ་རྣམས་ནས་རང་རེའི་བསམ་བློའི་གཤིས་དང་འཚམས་པའི་ཚིག་སྦྱོར་མ་འཆོལ་བའི་ཐོག  སྔར་ནས་གྲགས་ཤིང་གྲུབ་པའི་མིང་བརྡར་སྤྱོད་ཕྱོགས་དང་། བོད་ཀྱི་སྐད་ཡིག་གི་རང་ཚུགས་མི་ཉམས་པའི་བརྗོད་འགྲོས་རྐང་འཛིན་བྱ་རྒྱུ་གནད་ཆེ། དེང་རབས་ཕྱི་རྒྱལ་གྱི་ཐ་སྙད་བོད་བསྒྱུར་བྱས་རིགས་གཙོ་བོར་གྱུར་པའི་ཉེར་མཁོའི་མིང་བརྡ་གསར་སྣོན་དགོས་རིགས་རྣམས་ཀྱང་བོད་བརྡའི་རང་འགྲོས་ཀྱི་ཁྱད་ཆོས་དང་། རིགས་པའི་ཚུལ་ལུགས་སོགས་དང་མི་འགལ་ཞིང་། གསར་བཀོལ་ཐ་སྙད་གང་འདྲ་ཡིན་རུང་ལམ་སེང་གོ་དོན་སྟེར་བ་ཞིག་གཅིག་གྱུར་གཏན་འབེབས་འོང་ཐབས་གཞིས་བྱེས་ཕན་ཚུན་མིག་དཔེ་སྟོན་རེས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་སྔར་ལས་ལྷག་པར་བརྩོན་ན་དགེ་མཚན་ཆེ་བར་ངེས།
    ལྷག་པར་ཆ་འཕྲིན་གྱི་ཡིག་ཚོགས་རྒྱ་ཆེར་འཕེལ་བའི་དེང་གི་དུས་འདིར་བོད་ཡིག་གི་གསར་ཤོག་དང་། དུས་དེབ། བརྙན་འཕྲིན། དྲྭ་རྒྱ་ཁག་ནང་རྩོམ་ཡིག་དང་། ངོ་སྤྲོད། བགྲོ་གླེང་། མཆན། 《རིག་པ་འདོན་པ་》《མི་རབས་གསར་པའི་གླེང་སྟེགས་》ཟེར་བ་ལ་སོགས་པའི་གོ་སྐབས་སྣ་ཚོགས་གཞིས་བྱེས་གཉིས་ཀར་བསྐྲུན་ཡོད་པ་རེད། དེའི་བརྒྱུད་ནས་གསར་འགོད་ལས་རིགས་པ་གཙོ་བོར་བྱས་པའི་འབྲི་རྩོམ་པ་ཡོངས་ཀྱི་ཡི་གེ་རྣམས་ནི། ཕྱོགས་གཅིག་ནས་རང་རིགས་གཞོན་སྐྱེས་དུ་མས་བོད་ཀྱི་སྐད་ཡིག་ལ་ཇི་ལྟར་སྤྱོད་ཚུལ་ཐོག་ཏུ་ཤུགས་རྐྱེན་ཐེབས་པའི་དཔེ་སྟོན་གཙོ་བོའི་གྲས་སུ་གཏོགས་པས་དགེ་རྒན་ལྟ་བུར་གྱུར་པ་དང་། གཉིས་ནས་རྩོམ་ཡིག་དང་། བགྲོ་གླེང་། བསམ་ཚུལ་འབྲི་གླེང་བྱས་པ་འདི་རྣམས་ཀློག་མཁན་ནི། མཆེད་གྲོགས་ལྟ་བུ་ནང་ཁུལ་ཉུང་ཤས་ཤིག་མིན་ལ། གཞིས་བྱེས་གཉིས་ཀའི་བོད་མི་ཁོ་ནའང་མིན་པར། བོད་ཡིག་ཀློག་འདོན་ཐུབ་པའི་འཇིག་རྟེན་འདིའི་མི་རིགས་རང་རེའི་གནས་སྟངས་ལ་རྒྱང་སོ་འཛུགས་པའི་དགྲ་གཉེན་བར་མའི་སྐྱེ་བོ་དུ་མ་ཡོད་པར་ངེས་པ་རེད།
    རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་རྩོམ་ཡིག་དང་། བསམ་ཚུལ་ལ་སོགས་པ་གང་འདྲ་ཞིག་བྲིས་ནའང་དང་པོ་རྗོད་བྱེད་ཚིག་གི་ཆ་ནས་འཕྲལ་སེལ་བརྡ་ལན་འཁྱོལ་ཙམ་གྱི་ཡི་གེ་དག་ལ་མ་དག་ཅིག་བྲིས་པ་ཁྱབ་སྤེལ་སོང་ན། ད་ལྟའི་མི་རབས་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་ངོ་སྤྲོད་པའི་དཔང་རྟགས་དང་། དེ་ལ་བརྟེན་ནས་འཕྲལ་སེལ་དགྲ་དགའ་གཉེན་སྡུག་གི་མྱོང་ཚོར་ཅི་རིགས་སྟོན་བྱེད་དུ་འགྱུར་བ་ཟུར་བལྟས་ལེབ་མཐོང་མ་ཟད། སྐད་ཡིག་གཞན་ནས་བསྒྱུར་རིགས་བོད་ཡིག་རང་གི་བརྗོད་འགྲོས་དང་མི་མཐུན་པའི་རྣམ་པ་འབུར་ཐོན་ཅན་དུ་བསྒྱུར་ན། རེ་ཞིག་གོ་དཀའ་བ་ཙམ་མིན་པར། འབྱུང་འགྱུར་བོད་རིགས་གཞོན་ནུའི་ཤེས་ཡོན་སྤུས་ཚད་ཐོག་ལ་མ་དག་རྒྱུན་འབྱམས་དབང་གིས་བོད་ཀྱི་སྐད་ཡིག་གི་འགྲོ་སྟངས་ཉམ་རྐྱེན་ཆེན་པོ་བྱེད་པའི་ས་བོན་དུ་འགྱུར་བ་མངོན་གསལ་ལ་བརྟེན། རྗེས་ཡོང་སྔོན་དྲན་ཐོག་ནས་ཡི་གེ་དེ་རིགས་ཁྱབ་སྤེལ་མ་བཏང་བའི་སྔོན་དུ་ཞུ་དག་ནན་ཏན་ངེས་པར་དུ་གཏོང་དགོས་པར་མཐོང་བ་བཅས། དོན་གྱི་རྒད་པོ་ཚིག་གི་འཁར་བ་ལ་བརྟེན་པའི་གནད་ཀྱིས་རྗོད་བྱེད་ཚིག་རྣམས་སྐྱོན་མེད་པ་ཞིག་ཅིས་ཀྱང་དགོས་པ་ཡིན།
    གཉིས་པ་བརྗོད་བྱ་དོན་གྱི་ཆ་ནས་མཆོག་དམན་སུ་འདྲ་ཞིག་ནས་བྱ་བ་མ་རུངས་པ་བྱས་རིགས་ངེས་ཅན་རྣམས་ནི་ཐེར་འདོན་དགོས་པའི་གོ་སྐབས་ལོངས་སྤྱོད་ཆོག་པ་མང་གཙོའི་ཁྱད་ཆོས་ཡིན་ནའང་། ང་ཚོར་སྐབས་རེ་གོམས་གཤིས་ངན་པ་ལྟ་བུ་ཞིག་ལ། སྐྱེ་བོ་ཆེ་གེ་མོས་བྱ་བ་གང་ཞིག་མགོ་རྩོམ་ལོང་ཡོད་མེད་ནས་ཡག་པོ་མི་འོང་བ་གཞིར་བཞག་གིས་དེ་ལ་ཁ་གཏོང་ཆོག་ཆོག་དང་། སྐྱོན་གྱི་ངོས་ནས་བལྟས་ཏེ་གཞན་ལ་སྨད་ར་གཏོང་ཆོག་ཆོག (དཔེར་ན། ཁོས་དེ་ཀ་ཙམ་བཤད་བཞག་པ་རེད། བྱེད་ཁུལ་[ཁཱ་]བྱེད་པ་རེད། མོ་ཊ་འདྲ་ཞིག་གཏོང་ཁུལ་[ཁཱ་]བྱེད། དབྱིན་ཇི་འདྲ་ཞིག་སྦྱོང་ཁུལ་[ཁཱ་]བྱེད། ཟེར་བ་སོགས་ལྟར་རེད།)  དེ་བཞིན་གཞི་མེད་དང་། བག་ཙམ་རིགས་ཀྱང་རྙོག་མ་གཏིང་སློང་གི་དྲན་བསྐུལ་བྱེད་པ་ལྟ་བུ་འབྱུང་འབྲས་ཀྱི་དགེ་སྐྱོན་ལ་ཚོར་སྣང་གཏིང་ཟབ་མེད་པའི་བསམ་ཚུལ་འབྲི་བརྗོད་བྱེད་རིགས་སྣང་བ་རྣམས་ནི། སྤྱི་ཚོགས་བདེ་འཇགས་ལ་མི་སྨན་པའི་ལོང་གཏམ་དང་། ཤེས་བྱ་ལོག་པར་སྦྱིན་པའི་རྐྱེན་དུ་འགྱུར་བས། དྲྭ་རྒྱའི་ལམ་འདི་རང་འདོད་དགའ་མི་དགའི་འཆལ་གཏམ་སྤེལ་ཡུལ་གྱི་གླེང་སྟེགས་སུ་མི་འགྲོ་བར་བྱ་རྒྱུའི་འགན་དང་། ཕུགས་རྒྱང་རིང་པོའི་བསམ་བློ་མ་ཐེངས་པའི་ཅོལ་ཆུང་གི་གཏམ་གྱིས་སྔོ་ལོ་མི་འཕྱར་བ་བྱ་རྒྱུའི་འགན་ནི་དཔྱད་གཏམ་སོགས་འབྲི་མཁན་དེ་རང་ལ་ཡོད་པ་རེད། དེ་ནི་སྨྲ་བརྗོད་ཀྱི་རང་དབང་འགོག་པ་ལྟ་བུའི་གོ་བ་ལོག་སྒྲུབ་མ་སོང་བར། རང་གཞན་སྤྱི་སྒེར་ཡོངས་ཀྱི་གཏམ་དོན་གཉིས་ཀར་ཕན་ཐབས་ཡིན་པར་མཐོང་ན་དགེ་མཚན་ཆེ།
    ལྷག་པར་གཞན་ཕན་གྱི་ཀུན་སློང་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས་སྤེལ་མིན་ལེགས་པར་བརྟག་རྒྱུ་གལ་ཤིན་ཏུ་ཆེ་བ་ནི། །མང་པོའི་ནང་དུ་ངག་ལ་བརྟག  །གཅིག་པུར་འདུག་ན་སེམས་ལ་བརྟག ཅེས་མཉམ་མེད་ཇོ་བོ་ཆེན་པོའི་བསླབ་བྱ་ལག་ཏུ་བླངས་ཏེ། མདོར་ན་རང་གི་བདེ་སྐྱིད་དེ་ནི་གཞན་གྱི་བདེ་སྐྱིད་ཁོ་ནར་རག་ལུས་ཚུལ་གསུངས་པ་ཞེ་ལ་བཅངས་ན་འཕྲལ་ཡུན་དགེ་མཚན་བླ་མེད་མངོན་པ་ཞུ་ག་ལ་དགོས།
    ཡང་སྒོས་གསར་འགོད་ལས་རིགས་པ་ནི། སྤྱིར་བཏང་མང་གཙོའི་ཡུལ་གྱི་མཛད་གཙོ་རྣམས་ནས་གང་ཅིའི་གནས་སྟངས་སྐོར་ལ་སྐབས་འཕྲལ་སོ་སོར་གསལ་བསྒྲགས་བཤད་སྦྱངས་ངེས་གནང་དགོས་སའི་ཡུལ་ཞིག་ཡིན་ལ། ཁོང་རྣམས་ནས་ཀྱང་གསར་འགྱུར་ལྟ་བུའི་གནས་ཚུལ་ལན་སྐྱེལ་ཐུབ་ཙམ་མིན་པར། སྤྱི་བྱེའི་བྱུང་རིམ་སྔ་རྗེས་བར་གསུམ་ཞིབ་རྟོགས་ཚོད་དཔོག་ནུས་པའི་ཤེས་མྱོང་གཉིས་ཀ་ལྡན་པས། སྲིད་བྱུས་ལ་ལམ་སྟོན་དང་། སྟངས་འཛིན་ངེས་ཅན་ཐུབ་པ་ཡིན། དེའི་ཆེད་དུ་རང་དབང་ལྡན་པའི་བསམ་བློས་སྨྲ་བརྗོད་བགྲོ་གླེང་འདྲི་རྩད་ཚ་ནན་བྱེད་པ་དང་། ཕྱི་གསལ་ནང་གསལ་གྱི་དཔྱད་གཏམ་སྤེལ་བས་མང་ཚོགས་རྣམས་ནས་ཕྱི་ནང་གི་གནས་སྟངས་ཞིབ་རྟོགས་ཐུབ་སྟེ། སྤྱི་ཚོགས་འཕོ་འགྱུར་ཡོ་བསྲང་འབྱུང་ཞིང་། ཡར་རྒྱས་ཀྱི་སྒོ་མོ་འབྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ནུས་པ་ཡོད་སྟབས། མཆོག་དམན་ཡོངས་ནས་ཟོན་དང་གདེངས་འཇོག་དགོས་པའི་མི་སྣ་གལ་ཆེ་ཞིག་རེད།
    ལྷག་པར་གསར་འགོད་ལས་རིགས་པ་གྲགས་ཅན་རྣམས་ནི་འབྱུང་འགྱུར་རང་ཉིད་དབང་འཛིན་པའི་གྲལ་དུ་འགྲོ་བའི་འོས་མི་ལྟ་བུ་མ་ཟད། འཛམ་གླིང་ཡུལ་ཁག་དུ་མའི་དབུ་ཁྲིད་གཙོ་བོ་ཡིན་ནའང་ལས་འགན་སོ་སོར་འབྲེལ་ཡོད་ཀྱི་སློབ་སྟོན་པ་ཅིས་ཀྱང་དགོས་པ་དེའི་ཁོངས་སུ་གསར་འགོད་ལས་རིགས་པ་མྱོང་ཅན་དེ་འདྲ་བྱུང་ན་ལས་དོན་བརྟན་བརླིང་རླབས་ཆེའི་ཕན་ནུས་ཐོན་པར་བརྩི་སྐད་ལྟར། བོད་རིགས་གསར་འགོད་ལས་རིགས་སློབ་ཐོན་ཉམས་མྱོང་ལྡན་པ་རྣམས་ལའང་བོད་ཕྱི་ནང་གི་སྤྱི་ཚོགས་གང་སར་སྐད་ཡིག་གིས་མཚོན་པའི་ཆོས་རིག་ཆབ་དཔལ་གང་ཅིར་ས་བོན་བཟང་པོ་འདེབས་པའི་ནུས་པ་ཡོད་པ་རེད།
    དེས་ན་མཚན་ཉིད་ཚང་བའི་གསར་འགོད་ལས་རིགས་པ་ངོ་མའི་ཁྱད་ཆོས་ནི། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་འབུལ་མིན་དང་། རྒྱ་གར་གནས་སྡོད་ལག་ཁྱེར་ཡོད་མེད། གནས་ཚུལ་གསར་ཐོན་བྱུང་རིགས་བོད་སྐད་གཙོ་བོར་བྱས་པའི་སྐད་ཡིག་རེ་ཟུང་རང་རྐྱ་ཕེར་བའི་བརྒྱུད་བསྒྲགས་ཐུབ་མིན། གསར་ཁང་གི་ལས་ཀའི་མྱོང་བ་ཅུང་ཟད་ཡོད་ཙམ་བཅས་མིན་པར། གཙོ་ཆེར་གསར་འགོད་རིག་པ་རང་གི་སློབ་སྦྱོང་ཐོན་པ་ཞིག་ཅིས་ཀྱང་དགོས་པར་ངེས་ལ། དེའི་ཐོག་རང་རེའི་སྤྱི་ཚོགས་གསར་རྙིང་གཉིས་ཀ་དང་། དེང་རབས་ཕྱིའི་གནས་སྟངས་གཏིང་ཟབ་མཐོང་ཐོས་ཀྱི་འཁོར་རྒྱ་ལྡན་པ་ཞིག་དགོས་ཤིང་། དེ་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་ཆོས་རིག་ཆབ་དཔལ་གང་ཅིའི་འཕེལ་ཕྱོགས་ལ་དགེ་སྐྱོན་ཇི་འབྱུང་གི་ཚོར་སྣང་སྐྱེན་པོའི་རྣམ་དཔྱོད་འཕེལ་བར་འགྱུར་བ་དང་། ལྷག་པར་ཕྱོགས་སུ་མ་ལྷུང་བའི་བློ་གཟུ་བོར་གནས་པ་ཞིག་ཡིན་ན། ཆོས་སྲིད་གོམས་གཤིས་དབང་ཡོད་ཆེ་ཉམས་སོགས་ཀྱི་གནོན་ཤུགས་འོག་ཏུ་མགོ་སྒུར་མི་དགོས་པར། གང་དུ་སུ་ལའང་ཐད་ཀར་འགྲན་རྩོད་དྲང་བདེན་དུ་བྱེད་པའི་ཐོབ་ཐང་བླངས་ཏེ། བསམ་ཕོད་པ་དང་། བཤད་ཕོད་པའི་གདེངས་ཚོད་ལྡན་པའི་ལས་རིགས་འཛིན་མཁན་ཞིག་འོང་བར་སྙམ་ཚུལ་དཔྱད་གཏམ་ཙམ་དུ་ཞུ་བར་ཐལ་བས། མཁྱེན་ལྡན་སོ་སོས་རྣམ་དཔྱོད་དྲང་བདེན་གྱི་ལམ་ནས་དཔྱད་དེ་འཇུག་ལྡོག་མི་ནོར་བར་བརྩོན་པར་འཚལ།
    ད་ནི་སྐབས་འདིར་དམིགས་བསལ་གསར་འཕྲིན་དྲྭ་རྒྱ་སོགས་སུ་བོད་བརྡའི་སྤྱོད་ཕྱོགས་འཆོལ་བར་སྙམ་པའི་མཐོང་ཐོས་བྱེ་བྲག་པ་སྣ་ཚོགས་བྱུང་བའི་དཔེར་མཚོན་འགའ་རེ་དྭོགས་སློང་ཆེད་དུ་སྡེ་ཚན་སོ་སོར་བགོས་ཏེ། ཚིག་བསྡུས་དང་། གུས་ཚིག  གུས་ཚིག་གི་ཞེ་ས་མགོ་ལུས་མི་མཚུངས་པ།   ཐ་སྙད་ར་མ་ལུག ཐ་སྙད་གསར་པའི་ཞན་ཆ་སིམ་འཛུལ། ཐ་སྙད་འཆོལ་སྤྱོད། ཡིག་རྟགས། བོད་ཀྱི་ཁ་སྐད་ཡིག་ཐོག་ཏུ་འབྲི་བའི་དགེ་མཚན་ཞེས་པའི་ཁ་བྱང་ལྟར་བཀོད་པ་ནི།

ཚིག་བསྡུས།
    དེ་སྔ་ནས་རང་རེའི་ཡིག་ཐོག་ཏུ་མིང་ཚིག་བསྡུས་ཏེ་འབྲི་སྲོལ་དར་ཁྱབ་ཡོད་ཀྱང་། དེ་ནི་ངན་ལང་དུ་ཤོར་བ་ལྟ་བུར་མཐོང་ཞིང་། འདི་ལྟར་ཚིག་བསྡུས་བརྒྱབས་པས་སྣག་ཤོག་དང་དུས་ཚོད་ལ་གྲོན་ཆུང་དང་། ངལ་བ་ཆུང་དུ་འགྲོ་བའི་ཕན་ཁྱད་ནུས་པ་ཐོན་པ་མེད་ངེས་ལ་བརྟེན། ཚིག་བསྡུས་བརྒྱབ་རྒྱུ་དེ་ནི་དགོས་པ་ལས་དགག་བྱ་ཆེ་བར་སྙམ།
    ལྷག་པར་དེང་རབས་ཀྱི་འགྱུར་བ་ལ་བརྟེན་ནས་ཕན་ཚུན་ཕྱི་ནང་གི་འབྲེལ་ལམ་དང་། སྐད་ཡིག་མཉམ་བསྲེས་སོགས་ཀྱིས་མི་རབས་རྗེས་མ་རྣམས་ནས་རང་རེའི་ལོ་རྒྱུས་ལ་དཔྱད་ཞིབ་སྐབས་སོགས་གང་ཅིར་ཚིག་བསྡུས་ཐལ་ཆེས་གོ་བ་ལོག་སྒྲུབ་འབྱུང་ཉེན་ཡོད་མེད་དྭོགས་ཟོན་དགོས་གནད་མཐོང་བ་ནི། དཔེར་ན། དུས་འཁོར་དབང་ཆེན་ལ་བར་སྐབས་ཤིག་ནས་“དུས་དབང་”ཞེས་འབྲི་བར་སྣང་བས། དེས་ན་“དུས་དབང་གི་བྲེལ་ཟིང་ལ་བརྟེན་ནས”། ཞེས་པ་ལྟ་བུ་ཞིག་བྲིས་ན། དུས་འཁོར་དབང་ཆེན་གྱི་བྲེལ་ཟིང་དང་། དུས་ཀྱི་འཕོ་འགྱུར་དབང་གི་བྲེལ་ཟིང་གཉིས་ཀར་གོ་བ་རེད། ཅིས་ཀྱང་དུས་འཁོར་དབང་ཆེན་ལ་དུས་དབང་ཞེས་བསྡུས་ནས་འབྲི་བར་འདོད་ན། བཀའ་དབང་གཞན་པར་གསང་དབང་དང་། བདེ་དབང་། འཇིགས་དབང་། རྣལ་དབང་། རྣམ་དབང་། ཕྱག་དབང་། ཀུན་དབང་། རྡོར་དབང་ལྟ་བུ་གོ་དཀའ་ལ་དགོས་མེད་ཀྱི་བསྡུ་ཚིག་འདི་འདྲ་མཚུངས་པར་སྦྱོར་དགོས་པས། གོ་སྟངས་ཅི་འདྲ་འོང་མིན་དཔྱད་ན་གསལ།  
    དེ་བཞིན་༧གོང་ས་༧རྒྱལ་བའི་དབང་པོའི་བཞུགས་སྒར་འཕགས་ཡུལ་དྷ་རམ་ས་ལའི་“མེཀ་ ལེའོཌི་གྷན་ཇི་”ལ། “མེཀ་གྷན་དང་། མེཀ་ལོ། མོ་ལོ་”ལྟ་བུ་ཅི་རིགས་འབྲི་བརྗོད་བྱེད་པ་དང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཡོད་ས་“མུན་ཌི་གྷོ་ཌི་”ལ། “མོན་གོར་”དང་། “མོན་གྷོར་”ལྟ་བུ་དང་། “སྦའེ་ལ་ཀུ་པིར་”ལ། “སྦེལ་ཀོབ་”ལུགས་ཟུང་བསམ་འགྲུབ་གླིང་ལ་“ལུགས་བསམ”། བདེ་སྐྱིད་སླར་གསོ་ལ་“བདེ་སླར་”ས་གནས་ཀྱི་འཐུས་མི་དང་། རྒྱུན་ལས་ལ་“ས་རྒྱུན་”སོགས་ཚིག་བསྡུས་ཟུར་ཆག་ཡ་མཚན་དུ་གོ་བ་ཅི་རིགས་འབྲི་བ་འདི་འདྲ་ཧ་ཅང་མང་བས། དེ་ལྟར་ན་༧གོང་ས་མཆོག་ནས་གཞིས་ཆགས་ཁག་ལ་མིང་བྱིན་ཅན་རེ་གནང་བའི་དགོས་པ་དེ་ཡང་མ་འགྲུབ་པ་རེད། ཕྱི་རྒྱལ་གྱི་ཡུལ་གྲོང་ཁག་ལ་མིང་རིང་པོ་ཇི་ཙམ་ཡོད་ནའང་དེ་ཀ་རང་བེད་སྤྱོད་དགོས་ངེས་མ་གཏོགས། རང་རེར་དེ་ལ་རྒྱས་བསྡུས་གཏོང་བའི་དབང་ཆ་མེད་ཁར། ལྷག་པར་ཡུལ་མིང་མ་དག་པ་ཞིག་བྲིས་པ་དེ་རྣམས་ཡིག་ཐོག་ཏུ་འཁོད་བཞིན་པ་འདི་རིགས་རྗེས་སུ་མི་ལོ་བརྒྱ་ཕྲག་འགའ་ཤས་མཚམས་སུ་ལོ་རྒྱུས་ཉམས་ཞིབ་པ་རྣམས་ནས་བོད་མིའི་སྐྱབས་བཅོལ་བའི་བྱུང་རིམ་ལ་དཔྱད་སྐབས་རྒྱ་གར་རང་གི་ས་ཁྲར་འཁོད་པའི་ས་གནས་སོ་སོའི་མིང་རྣམས་དང་། རང་རེས་དེ་དང་མི་འདྲ་བའི་མིང་གསར་པ་སྣ་ཚོགས་ཤིག་བཏགས་པ་རྣམས་མི་འདྲ་བའི་རྐྱེན་གྱིས་མགོ་བོ་རྨོངས་པར་འགྱུར་བའི་ལོ་རྒྱུས་ཀྱི་ཡིག་འཇོག་ལ་ནོར་སྐྱོན་གཏོང་བའི་ས་བོན་ངན་པ་ཞིག་རང་རེས་ད་ལྟ་འདེབས་བཞིན་པ་འདི་ལ་ཚོར་སྣང་གཏིང་ཟབ་དགོས་པ་མ་ཡིན་ནམ།

གུས་ཚིག་སྐོར།

    རང་རེའི་སྐད་ཡིག་གཉིས་ཀར་གུས་ཞབས་ཆེ་ཆུང་གི་རིམ་པ་སྣ་ཚོགས་མཚོན་པའི་ཁྱད་པར་ཡོད་པ་རྒན་གཞོན་དུ་མས་མཁྱེན་གསལ་རེད། དེ་ཡང་སྔ་མོ་བོད་དུ་བླ་དཔོན་འབངས་འཁོར་སོགས་དབར་མཆོག་དམན་གྱི་རྣམ་དབྱེ་དེང་གི་མི་རབས་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་དང་། དེ་ལ་དཔགས་པའི་ཞེ་ས་ཚད་མེད་པ་ཞིག་བྱ་སྲོལ་བྱུང་ཞིང་། དེ་རྗེས་རིག་གནས་གསར་བརྗེའི་སྐབས་སུ་ཞེ་ས་དང་། གུས་བཀུར་མི་ཆོག་པའི་ཁྲིམས་ལུགས་སྤེལ་བ་གཉིས་ཀ་མཐའ་གཉིས་སུ་ལྷུང་བར་སྙམ་ལ། སྤྱིར་བཏང་ཞེ་ས་དང་གུས་ཞབས་ནི། རྒན་རབས་དང་། མང་པོས་བཀུར་བའི་སྐྱེས་བུ། ཡོན་ཏན་ལྡན་པའི་གང་ཟག སེམས་རྒྱུད་དུལ་བའི་ཆོས་པ་སོགས་གདེངས་འཇོག་འོས་པའི་གང་ཟག་རྣམས་ལ་བཀུར་བསྟིའི་ལམ་ནས་འབྲེལ་བ་ཞུ་སྲོལ་བོད་རྗེ་བཙན་པོ་གོང་རིམ་གྱི་སྐབས་ནས་ལྷག་པར་གཙིགས་སུ་བཟུང་ཞིང་། དེང་གི་དུས་རབས་འདིར་ཡང་རང་རེ་ཤར་གླིང་པ་སྤྱིའི་ཡ་རབས་བཟང་སྤྱོད་ཀྱི་ཡོན་ཏན་ལེགས་པའི་གྲལ་དུ་འགྲོ་བ་མ་གཏོགས། གོ་ས་མཐོ་དམན་དང་། དབང་ཆེ་ཆུང་སོགས་ཀྱིས་མཆོག་དམན་ལྟ་བུའི་ཁྱད་པར་འབྱེད་བྱེད་གཙོ་བོ་མིན་ལ། ཕོ་མཆོག་མོ་དམན་གྱི་ལྟ་བ་འཛིན་བྱེད་ནི་དེ་བས་ཀྱང་ནི་མིན་པས། འོས་འཚམས་ཀྱི་ཞེ་ས་ཞུ་རྒྱུ་དེ་ནི་དགེ་མཚན་གྱི་རང་བཞིན་ཡིན་པར་སྙམ།
    དེས་ན་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། མང་མོས་ཐོག་ནས་དངོས་སུ་བདམས་པའི་དབུ་ཁྲིད་༧མི་དབང་༧སྲིད་སྐྱོང་མཆོག མི་མང་སྤྱི་འཐུས་ཀྱི་མོས་མཐུན་ཐོག་ནས་བྱུང་བའི་བཀུར་འོས་ཚོགས་གཙོ་བགྲེས་གཞོན་མཆོག་དང་། དཔལ་ལྡན་བཀའ་བློན་ནམ། བློན་ཆེན་རྣམས་ཀྱི་མཚན་རྐྱང་པ་རྗེན་བཀོད་མིན་པར་མཚན་གྱི་མཐའ་ལ་“མཆོག་”ཅེས་པ་ཞིག་ནི་ངེས་པར་དུ་སྦྱར་དགོས་པ་ཡ་རབས་དམ་པའི་ཚུལ་ལུགས་དང་མཐུན་པ་ཡིན་ལ། དེ་མིན་“ལགས་”ཞེས་པ་ཙམ་སྦྱར་ནའང་གུས་བཀུར་ཆེར་མེད་པ་རེད།
    གུས་བརྩི་འོས་པའི་གང་ཟག་བྱེ་བྲག་པ་དེ་དང་དེ་ལ་རང་ཉིད་མོས་པ་ཡོད་མེད་ནི་སྒེར་གྱི་ལྟ་བ་རང་དབང་ཅན་ཡིན་རུང་། མང་པོས་བཀུར་བའི་སྐྱེ་བོ་རྣམས་ལ་གུས་བཀུར་མི་འདོད་པའི་རྗོད་ཚིག་ཐོན་ན། སོ་སོ་ཁེངས་དྲེགས་རང་ཤེད་ཅན་གྱི་རྟགས་སུ་མངོན་པར་འགྱུར་བར་སྙམ། རང་རིགས་རྒྱ་ཆེའི་མི་མང་གིས་བརྩི་བཀུར་གང་ལ་ཞུ་བ་དེ་དང་མཚུངས་པར་འཕྱར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་མ་ཞུས་ན། གཞན་ཕྱོགས་སྡང་སེམས་ཅན་ནས་དེ་ལྟར་མི་བྱ་བ་མ་ཟད། ཁོང་ཚོའི་རེ་བ་ངན་པ་རྣམས་ཀྱང་སྐོང་བ་དང་། ཡ་རབས་བཟང་སྤྱོད་ལ་མི་དགའ་བའི་སྐྱེ་བོ་རྣམས་ཀྱི་འདོད་དོན་འགྲུབ་པའི་གྲོགས་སུའང་འགྲོ་བས། ཀླད་གཞུང་དང་མགོ་མཇུག་ཡོད་པའི་ལུས་ངག་གི་རྣམ་འགྱུར་ཙམ་ལའང་དོན་དག་ཡོད་པར་སྙམ།
    དེང་སྐབས་གསར་འཕྲིན་གྱིས་མཚོན་པའི་ཡིག་ལམ་དང་། བརྗོད་འགྲོས་ཁག་ནང་སྨྲ་བརྗོད་ཀྱི་རང་དབང་དང་། མཐོ་དམན་འདྲ་མཉམ་གྱི་ཐོབ་ཐང་ལ་ལོངས་སུ་སྤྱོད་རྒྱུར་དགའ་མོས་ཤུགས་ཆེས་ལུགས་གཉིས་ཅི་རིགས་པའི་གནོན་ཤུགས་ཀྱིས་གཟིར་བ་ལས་གཡོལ་ཏེ། རང་དབང་གསོང་པོར་འབྲི་གླེང་ཕོད་པའི་སྤོབས་པ་རྙེད་པ་དུས་རབས་ཀྱི་འགྲོས་དང་མཐུན་པའི་ལེགས་ཆའི་རང་བཞིན་དང་། དེ་ལྟར་གོ་སྐབས་བདག་གིར་བཟུང་བ་འདི་ནི་འོས་འཚམས་ཡིན་མོད། རང་ཉིད་ལ་གདེངས་སྤོབས་ཇི་ཙམ་སྐྱེ་བ་དེ་ཙམ་གྱིས་ད་དུང་གཞན་ལ་ཆེས་ཆེར་བཀུར་བ་འཇིག་རྟེན་སྤྱིའི་མི་ཆོས་བཟང་པོ་དང་། ནང་པའི་ཆོས་ཕྱོགས་ནས་བཤད་པའི་སྤྱོད་ལམ་གྱི་བསླབ་བྱ་ནའང་གང་དག་དམན་ས་འཛིན་པ་དེ་ནི་རང་ཉིད་ཀྱི་མི་ཚེ་ཙམ་དུ་མ་ཟད། སྤྱི་སྒེར་ཀུན་ལ་ལེགས་ཚོགས་འབྱུང་བའི་ཆ་རྐྱེན་དུ་བསྔགས་པར་མཛད་པས། དེ་ལ་རྒྱུ་མཚན་ལྡན་པ་ཡིན།

གུས་ཚིག་གི་ཞེ་ས་མགོ་ལུས་མི་མཚུངས་པ།
    དཔེར་ན། གསར་འཕྲིན་ཞིག་ཏུ། [༧གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་ལམ་ཡང་བསྐྱར་ཨིར་ཡུལ་བྱང་མ་ལ་ཕྱོགས་བསྐྱོད་བྱས་ཡོད།] ཅེས་བྲིས་འདུག་པས། “བསྐྱོད་”དང་། “བྱས་”ཞེས་པ་གཉིས་ཀ་ཞེ་ས་མིན་ལ། ༧གོང་ས་མཆོག་ལས་ལྷག་པའི་གུས་བཀུར་ཞུ་ཡུལ་ཞིག་རང་རེ་གངས་ཅན་པ་རྣམས་ལ་མེད་པ་ནི་ཞུ་ག་ལ་དགོས་པས། དེ་བས་ཀྱང་ནས་ཚིག་སྦྱོར་འདི་འདྲ་ཤིན་ཏུ་མི་འོས་པ་ཡིན།  
    “ཨིར་ཡུལ་”ཞེས་པ་འདི། “ཨར་ལནྜི་”ཞེས་པ་བོད་བསྒྱུར་བྱས་ཏེ། “དབྱིན་ཡུལ་”ཟེར་བར་དཔེ་བླངས་བཟོ་ལྟར་ཡང་། ཡུལ་མིང་འདི་རིགས་སྤྱི་ཡོངས་ཀྱི་འབོད་ཚུལ་དང་། ཡུལ་དེ་རང་གི་རྗོད་སྒྲ་གང་རུང་སོར་བཞག་འོས་པ་མ་གཏོགས། བོད་བསྒྱུར་བྱས་ན་སུས་ཀྱང་མི་གོ་བའི་ཐ་སྙད་གསར་པ་དུ་མ་འབྱུང་ཉེན་སྣང་།
    དེ་བཞིན་ [གསར་འགོད་པས་ ་་་ བསྟན་འཛིན་ཚེ་བརྟན་ལགས་སུ་ ་་་ བཅར་འདྲི་གནང་སྐབས། ཁོང་གིས་་་་ བརྗོད་བྱུང་།] ཞེས་བྲིས་འདུག  འདི་ལྟར་ན་གསར་འགོད་པ་རང་ཉིད་ལ་ཞེ་ས་ཡོད་པ་དང་། བཅར་འདྲི་ཞུ་ཡུལ་དེ་ལ་ཞེ་ས་མེད་པར་གོ་བས། ཞེ་ས་སྦྱར་ཡུལ་ནོར་བ་རེད།
    དེ་བཞིན་[༧གོང་ས་མཆོག་གི་སྐུ་ཚབ་ ་་་མཆོག་ཀྱང་ཚོགས་འདུར་མཉམ་ཞུགས་ཀྱི་བགྲོ་གླེང་གི་ཆ་ཤས་ལེན་རྒྱུ་ཡིན་འདུག] ཅེས་བྲིས་འདུག  སྐུ་ཚབ་“མཆོག་” ཅེས་པ་ནི་ཞེ་ས་ཡིན་ལ། ་་་ཆ་ཤས་“ལེན་རྒྱུ་”ཟེར་བ་སྤྱིར་བཏང་ཙམ་ལས་ཞེ་ས་མིན་པས། “ལེན་གནང་མཛད་རྒྱུ་ཡིན་འདུག”  ཅེས་པ་ལྟ་བུ་བྲིས་ཏེ་ཞེ་ས་ཡོད་ན་ཡོད་མཉམ་དགོས་པར་སྣང་།
    ཡང་། [སྲིད་སྐྱོང་མཆོག་གིས་ ་་་ བྱེད་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།] ཅེས་དང་། [སྲིད་སྐྱོང་མཆོག་ནས་ ་་་ བརྗོད་འདུག] ཅེས་པ་ལྟ་བུའི་“བྱེད་པ་”དང་། “བཤད་པ།” “བརྗོད་པ་”ཟེར་བ་རྣམས་ཞེ་ས་མིན་པས། གོང་གསལ་ལས་ཀྱང་ཞེ་ས་ཡོད་མེད་མགོ་ལུས་མ་མཚུངས་པ་དེ་བས་ཀྱང་ནས་ཤུགས་ཆེ་བ་མངོན་གསལ་རེད།
     གཞན་ཡང་། [བཀའ་ཤག་གསར་པའི་ལས་དོན་མགོ་འཛུགས་གནང་བ།] ཞེས་བྲིས་འདུག་པའང་། ལས་དོན་དང་། མགོ་འཛུགས་ནི་ཞེ་ས་མིན་པས། ཞེ་ས་ཡོད་མེད་ཉ་ཉུང་མཉམ་བསྲེས་རེད།
    [བཀའ་བློན་མཆོག་ལ་ ་་་ ག་ཚོད་ཡོད་མེད་“དྲིས་”པར། ་་་ གཟིགས་ཚོར་གང་འདྲ་བྱུང་མིན་ “དྲིས་”པར།] ཞེས་པའི་ཚབ་ཏུ་“བཀའ་འདྲི་ཞུས་པར་”ཞེས་ཞེ་ས་ཡོད་ན་ཡོད་མཉམ་དགོས།
    “གཞུང་དོན་ཕྱོགས་བསྐྱོད་”ཅེས་པ་ནི་ཞེ་ས་མེད་པའི་བརྡ་ཆད་ཐུན་མོང་བ་ཞིག་ཡིན། འོན་ཀྱང་ཚིག་དེ་བཀུར་འོས་གང་ཟག་བྱེ་བྲག་པ་ཞིག་ལ་སྦྱོར་སྐབས་“བཀའ་བློན་མཆོག་གི་གཞུང་དོན་ཕྱོགས་ཕེབས་”ཞེས་པ་ལྟ་བུ་དང་། “བཀའ་བློན་ཕྱོགས་ཕེབས་ལྟ་བུ་”མ་བྲིས་ན། ཞེ་ས་ཡོད་མེད་མགོ་ལུས་མ་མཚུངས་པར་འགྱུར་བ་རེད།
    དེང་སང་“གཏམ་བཤད་”ཅེས་པ་ཡང་ཡང་འབྲི་སྲོལ་འདུག་ཀྱང་། དེ་ལ་ངའི་གཏམ་བཤད་དང་། ཁོང་གི་གསུང་བཤད་ཅེས་ཁྱད་པར་མ་ཕྱེ་བར། དྲུང་ཆེ་མཆོག་ནས་གཏམ་བཤད་གནང་སོང་ཟེར་བ་ལྟ་བུ་བཀོད་ན། ཞེ་ས་ཡོད་མེད་གཉིས་ཀ་འདྲེས་པ་རེད།
    ཡང་གསར་འཕྲིན་གཅིག་ནང་། [ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས་ནི་ ་་་ ཀ་བློན་སྦུག་ཏུ་སྐྱེས་པ་དང་། ་་་ གཞི་རིམ་གྱི་སློབ་སྦྱོང་གནང་ཡོད། ་་་རྡ་རམ་ས་ལར་ཡོང་སྟེ་ ་་་ འཁྲབ་སྟོན་གནང་སྟེ་ ་་་ འཁྲབ་སྟོན་པའི་ལས་ཀ་བྱས་ཡོད། ཀ་བློན་སྦུག་ཏུ་ཕྱིན་ཏེ་ ་་་ སློབ་ཁྲིད་བྱས་པ་དང་། ་་་ རྩིས་པའི་འགན་བཞེས་ ་་་བལ་ཡུལ་དུ་ཕྱིན་ཏེ་ ་་་ རྩིས་པའི་ཕྱག་ལས་གནང་ཡོད། ་་་ རྡ་རམ་ས་ལར་ཡོང་སྟེ་ ་་་རྩིས་པའི་འགན་བཞེས་ ་་་ བདེ་སྡུག་ལ་ལྟ་སྐྱོང་ ་་་ ] ཞེས་པ་ལྟ་བུ་ཞེ་ས་ཡོད་མེད་བསྲེས་ཏེ་བྲིས་པ་ལྟ་བུ་འདི་རིགས་སྐད་ཡིག་ལོངས་སུ་སྤྱོད་ཚུལ་གྱི་རིག་གཞུང་འཆོལ་བའི་དྲི་བཅས་སུ་སོང་བ་ཡང་ཡང་མཐོང་རྒྱུ་འདུག་པ་འདི་རྣམས་ཆེས་བློ་ཕམ་གྱི་རང་བཞིན་ཡིན་པ་བཤད་མ་དགོས་པས། ཅིས་ཀྱང་གཟབ་དགོས།

ཐ་སྙད་དང་། ཚིག་སྦྱོར་“ར་མ་ལུག”  
    [བཀའ་བློན་མཆོག་ནས་ ་་་ ཕན་ཐོགས་ཆེན་པོ་ཡོད་ངེས་ཡིན་སྐོར་གསུངས་ཡོད།] ཅེས་བྲིས་འདུག འདིའི་ཚིག་མཇུག་གི་“ཡོད་”ཅེས་པ་དེས། སྔོན་ནས་དེ་འདྲ་གསུངས་ཡོད་རེད། ཅེས་པ་ལྟ་བུ་དེ་ལྟར་གསུངས་པ་སོགས་ཤེས་མཁན་དེས་“ཡོད་”ཅེས་འབྲི་བརྗོད་ཐུབ་པ་མ་གཏོགས། ད་ལྟ་གསུངས་ཚུལ་སྟོན་པའི་ཆེད་དུ་འབྲི་བརྗོད་མི་ཐུབ་པ་ནི། རང་རེའི་རྒྱུན་དུ་སྐད་ཆ་བཤད་སྟངས་ཀྱི་འགྲོས་ལ་ཉན་ནས་བརྟག་ནའང་ཤེས་ཐུབ་ངེས་ལྟར་རེད།
    དེ་དང་མཚུངས་པར་གསར་འཕྲིན་ཞིག་ནང་། [དེ་དུས་ངས་ལས་ཀ་བྱས་པ་རེད། ངས་ལས་ཀ་ནས་དགོངས་པ་ཞུས་པ་རེད། ང་སྤུན་མཆེད་ཐུག་སར་སོང་བ་ཡིན། ངས་དེ་ཡག་པོ་མཐོང་སོང་།] ཞེས་པ་ལྟ་བུ་དང་། གོང་དུ་བཀོད་པའི་ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས་ཀྱི་སྐོར་ལྟར། [ ་་་གཞི་རིམ་གྱི་སློབ་སྦྱོང་གནང་ཡོད། ་་་ འཁྲབ་སྟོན་པའི་ལས་ཀ་བྱས་ཡོད།] ཅེས་པ་ལྟ་བུའི་ཚིག་མཇུག་ཏུ་ཡིན། ཡོད། སོང་། འདུག  རེད། བྱུང་། རྣམས་“སྐྱེས་བུ་”དང་པོ་དང་། གཉིས་པ། གསུམ་པ་གང་ལ་འཇུག་པའི་བདག་གཞན་སོགས་ཀྱི་ཁྱད་པར་རྣམས་ལེགས་པར་ཕྱེས་ཏེ། ངས་ལས་ཀ་བྱས་པ་ཡིན། ངས་ལས་ཀ་ནས་དགོངས་པ་ཞུས་པ་ཡིན། ང་སྤུན་མཆེད་ཐུག་སར་ཕྱིན་པ་ཡིན། ངས་དེ་ཡག་པོ་མཐོང་བྱུང་། ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས་ནས། ་་་གཞི་རིམ་གྱི་སློབ་སྦྱོང་གནང་འདུག ་་་ འཁྲབ་སྟོན་པའི་ཕྱག་ལས་གནང་འདུག ཅེས་འབྲི་དགོས།
    ལར་ནས་ཚིག་མཇུག་ཏུ་“ཡོད།” ཅེས་པ་འདི་ལྟར་རྐྱང་པ་བྲིས་ན། གཙོ་ཆེར་སོ་སོ་རང་ཉིད་དེ། “སྐྱེས་བུ་དང་པོ་”དང་འབྲེལ་ཚུལ་གོ་ཤུགས་ཆེ་བ། དཔེར་ན། ང་ལ་དངུལ་ཡོད། ཁོ་ལ་དངུལ་འདུག ངས་བཤད་ཡོད། དེ་དུས་ཁོང་ཡོད། ཁོང་གིས་དེ་འདྲ་བྲིས་གནང་ཡོད་རེད། ཁོ་ལ་དངུལ་ཡོད་རེད། ཁོང་ལ་དེ་འདྲའི་འཆར་གཞི་ཞིག་ཡོད་འདུག ཅེས་པ་ལྟ་བུ་རེད། (ཡོད་རེད་ཅེས་པ་ལྟ་བུ་འབྲི་བ་ལ། “སྐྱེས་བུ་དང་པོ་”རང་ཉིད་ནས་དེའི་སྐོར་ཤེས་པ་ཞིག་དགོས།)
    དེ་བཞིན་གསར་འཕྲིན་ཞིག་ཏུ། དཔེར་ན། [སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ ་་་ ་་་སྐོར་ལ་ངོ་སྤྲོད་གནང་བྱུང་། ་་་ ཡིན་ཚུལ་གསུངས་བྱུང་།] ཞེས་བྲིས་འདུག འོན་ཀྱང་“བྱུང་”ཟེར་བ་ནི། “སྐྱེས་བུ་”དང་པོའམ། སོ་སོ་རང་ཉིད་ལ་འབྲེལ་བ་ཞིག་དགོས་པ། དཔེར་ན། ཁོང་གིས་ང་ལ་གསུངས་བྱུང་། ངས་དེ་འདྲ་བསམ་བྱུང་། ཁོས་ང་ལ་སྤྲད་བྱུང་། ངའི་རྩར་སླེབས་བྱུང་། ངས་དེ་མཐོང་བྱུང་། ཟེར་བ་སོགས་ལྟར་རེད། གལ་ཏེ་༧སྲིད་སྐྱོང་མཆོག་ནས་གསར་འགོད་པ་ཆེ་གེ་མོ་ཁོང་རང་རང་ལ་ཐད་ཀར་གསུངས་པ་ཞིག་ཡིན་ན་གོང་གསལ་ལྟར་འགྲིགས་ཀྱང་། མང་ཚོགས་སྤྱི་ཡོངས་ཐོག་གསུངས་སྐབས་གསར་འགོད་པ་རང་གིས་ཐོས་པ་ཞིག་ཡིན་ན། [ ་་་ངོ་སྤྲོད་གནང་སོང་། ་་་ གསུངས་སོང་།] ཞེས་འབྲི་དགོས་པ་དང་། གལ་ཏེ་གསར་འགོད་པས་དངོས་སུ་མ་ཐོས་པར་གཞན་གྱི་བརྒྱུད་ནས་གོ་བ་ཙམ་ཞིག་ཡིན་ན། གནང་འདུག གསུངས་འདུག ཅེས་འབྲི་བརྗོད་དགོས་པས། ཁྱད་པར་དེ་ལྟར་མ་ཕྱེ་ན་ཐ་སྙད་“ར་མགོ་ལུག་སྦྱར་”དང་། བདག་གཞན་དུས་གསུམ་གྱི་རྣམ་དབྱེ་མ་ཕྱེད་པར་འགྱུར་བ་ཡིན།
    དྲྭ་རྒྱ་དང་། གསར་འགྱུར་རྒྱང་བསྲིང་འགའ་རེར། ་་་ “གནང་ཡོད་པ་རེད་འདུག” ་་་“བྱས་ཡོད་པ་རེད་འདུག” ་་་ “གསུངས་ཡོད་པ་རེད་འདུག”  ཅེས་པ་ཡང་ཡང་ཐོན་མོད། དེའི་ཚབ་ཏུ་གནང་འདུག  བྱས་འདུག  གསུངས་འདུག  ཅེས་འབྲི་བརྗོད་དགོས་པས། སྐབས་འདིར་“ཡོད་པ་རེད་” ཅེས་པའི་ཚིག་རྣམས་འདིར་འཚང་ག་རྒྱབ་ཐབས་མེད་པས་ནོར་བ་རེད།
    དེ་དང་འདྲ་བར་ [ ་་་ ཕེབས་ཐུབ་ཡོད་མི་འདུག ] དང་། [ཕེབས་ཡོད་པ་རེད་མི་འདུག] ཅེས་བྲིས་འདུག་པས།  ་་་ ཕེབས་ཐུབ་མི་འདུག ཅེས་བཀོད་དགོས་པ་མ་གཏོགས། “ཡོད་”ཅེས་པ་དང་། “རེད་”ཅེས་པའི་ཚིག་རྣམས་ཀྱིས་ཀྱང་སྐབས་འདིར་འཚང་ག་རྒྱབ་ཐབས་ག་ལ་ཡོད།
    [སྲིད་འཛིན་ཞེ་ཅིན་ཕེན་གྱི་ཕ་རྒན་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་ ་་་ ་་་ ] ཞེས་སོགས་བྲིས་འདུག  འདི་ལ་ ་་་ཕ་རྒན་“དེ་”ཟེར་བ་ལྟ་བུའི་འབྲེལ་མཐུད་ཀྱི་ཚིག་གཅིག་མེད་ན་གོ་ནོར་ཚབས་ཆེ་གཞན་ཞིག་ཐེབས་ཉེན་ཡོད་མེད་ལེགས་པར་དཔྱད་ན་ཤེས་ཤིང་། ལར་ནས་“ཕ་རྒན་”ཟེར་བའི་ཚིག་འདིར་སྨད་པའི་མདངས་སུ་གོ་ཚུལ་ཞིག་ཀྱང་ཡོད་པས། སྐབས་འདི་ལྟ་བུར་ཡུལ་ཁྱད་པར་ཅན་དང་ཕན་ཚུན་འབྲེལ་བ་ལ་བརྟེན་ནས་བརྗོད་སྟངས་འོས་བབས་ཡོད་པ་ཞིག་མ་ཡིན།
    [དྲ་རྒྱ་འཇུས་འགོད།] ཅེས་པའི་ཚིག་འདིའི་“དྲྭ་རྒྱ་”ཞེས་པར་ཝ་ཟུར་ཅིས་ཀྱང་དགོས་ལ། དེ་མིན་རས་ཆ་དྲ་བ་དང་། ཤོག་བུ་དྲ་བ་ལྟ་བུ་བཅད་པའམ་བཏུབ་པའི་དོན་ལ་གོ་ཞིང་། ཇུས་འགོད་ལ་སྔོན་འཇུག་འ་སྦྱར་བའང་ནོར། དེ་བཞིན་“དྲྭ་བརྙན་གླེང་མོལ་”དང་། “དྲྭ་སྣང་གི་བོད”། ཅེས་པ་རྣམས་ལའང་ཝ་ཟུར་ཅིས་ཀྱང་དགོས་པ་རེད།

ཐ་སྙད་གསར་པའི་ཞན་ཆ་སིམ་འཛུལ།
    གཤམ་གསལ་ཐ་སྙད་གསར་སྤྱོད་མང་པོ་ཞིག་ནི་དེ་སྔ་བོད་ཀྱི་བརྡ་དག་སྟོན་པའི་སྲོལ་དུ་མེད་ལ། གསར་གཏོད་ལེགས་པའང་མིན་པ་མ་ཟད། བོད་ཀྱི་སྐད་ཡིག་གི་རང་རྐང་ལ་གནོད་འགལ་འགྱུར་གཞི་ལས་མ་འདས་པའི་རིགས་འདི་ལྟ་བུ་རྣམས་ཀྱིས་རིམ་བཞིན་བོད་ཀྱི་སྐད་ཡིག་ཉམ་ཉེས་གཏོང་བར་མཐོང་བ་དཔེར་ན། ༡༩༩༨ ལོ་ཞེས་པ་ལྟ་བུར་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བརྒྱད་ལོ་ཞེས་བརྗོད་དགོས་པ་ནི་བོད་སྐད་ཀྱི་འགྲོས་རང་ཡིན་ཡང་། དེང་སང་དེའི་ཚབ་ཏུ། “གཅིག་དགུ་དགུ་བརྒྱད་ལོ་”ཞེས་སྐད་རིགས་གཞན་གྱི་རྗེས་སུ་ཞུགས་པའི་འབྲི་བརྗོད་གཉིས་ཀར་ཐོན་པར་སྣང་བ་དེས་ནི་བོད་ཀྱི་བརྡ་དག་གི་སྲོལ་ལ་གཏོར་སྐྱོན་ཆེན་པོ་གཏོང་གིན་ཡོད་པ་ཅིས་ཀྱང་ཤེས་དགོས།
    དོན་ཚན་གྲངས་འདྲེན་བྱེད་སྟངས་ཐད། དོན་ཚན་ཁ་ཤས་ཡོད་རིགས་རིམ་པ་བསྟར་ནས་འགོད་སྐབས། གཅིག གཉིས། གསུམ། བཞི། ཞེས་སོགས་ཡི་གེར་འགོད་མཁན་འདུག་པ་དེ་ནི་བོད་ཡིག་གི་འབྲི་སྲོལ་དང་གཏན་ནས་མི་མཐུན་པས། དེ་ལ་དང་པོ། གཉིས་པ། གསུམ་པ། བཞི་པ་སོགས་ཅིས་ཀྱང་འབྲི་དགོས་པ་ཡོངས་གྲགས་རེད།
    དེང་སང་རྩོམ་ཡིག་ལྟ་བུའི་རིང་ཐུང་གི་ཚད་ལ། ཡིག་འབྲུ་མང་ཉུང་ཐོག་ནས་བརྩི་བ་ཞིག་འོང་གིན་འདུག་པ་ནི། ཆེས་མི་འོས་པ་ཡིན་ཏེ། སྔ་རབས་བོད་ཡིག་ལ་རིང་ཐུང་གི་ཚད་འཇལ་ཚུལ་ཞང་ཞུང་གི་དུས་ནས་བོད་རྗེ་རིམ་པར་བརྒྱུད་དེ་ད་ལྟའི་བར་དུ་དེ་ལྟར་མ་གྲགས་པ་མ་ཟད། བོད་ཡིག་ཏུ་དོན་སྟོན་པ་ལ་མིང་གཞིའི་ཡི་གེ་ཁོ་ན་མིན་པར་བརྩེགས་འདོགས་འཕུལ་འཇུག་ཅི་རིགས་དགོས་པ་ཆེས་མང་བས་རྒྱ་དཀར་ནག་གི་ཡི་གེ་ལྟར་ཡིག་འབྲུ་བརྩི་ཐབས་མེད་ལ། ༧གོང་ས་༧སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པའི་“ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་”ཞེས་པ་ལྟ་བུ་རྒྱ་ནག་གི་ཡི་གེར་རྩ་འཛིན་གནང་བ་ལས་བྱུང་བས་དེ་ལྟར་གྲགས་པ་ལས། བོད་ཀྱི་ལུང་སྟོན་པའི་སྲོལ་རྗེས་སུ་འབྲངས་པ་མ་ཡིན།
    བོད་ཡིག་རིང་ཐུང་གི་ཚད་འཇལ་ཚུལ་བོད་རྗེ་གོང་མས་རྒྱ་རིམ་པ་བདུན་ཏེ། ༡༽ དོན་མི་འཁྲུག་པ་ཚེག་གི་རྒྱ་དང་། ༢༽ ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ། ༣༽ ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ། ༤༽ ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ། ༥༽ བམ་པོ་མི་འཁྲུག་པ་བམ་གྲངས་ཀྱི་རྒྱ། ༦༽ མཐའ་མི་འཆོལ་བ་མི་འཁྲུག་པ་སྣེ་ཐིག་གི་རྒྱ། ༧༽གླེགས་བམ་མི་འཁྲུག་པ་གདོང་ཡིག་གི་རྒྱའམ། སྤྱན་ཁྱེར་གྱི་རྒྱ་བཅས་ཀྱིས་གཏན་ལ་ཕབ་ཡོད་པ་ལྟར། ཡིག་འབྲུ་རྣམས་ཀྱིས་དོན་སྟོན་ནུས་པའི་ཚེག་བར་མང་ཉུང་བརྩིས་ཏེ། ཚིགས་བཅད་ལྟ་བུར་བདུན་ཚིག་དང་། དགུ་ཚིག་སོགས་ཀྱི་ཁྱད་པར་ཕྱེ་བ་དང་། ཚིག་ལྷུག་རྣམས་ལ་ཚེག་བར་ཉེར་བརྒྱད་ལ་ཤོ་ལོ་ཀ་གཅིག་དང་། ཚེག་བར་བཞི་སྟོང་ཉིས་བརྒྱ་ལ་(ཤོ་ལོ་ཀ་བརྒྱ་དང་ལྔ་བཅུར་)ལེའུ་གཅིག ཚེག་བར་བརྒྱད་སྟོང་བཞི་བརྒྱ་ལ་(ཤོལོ་ཀ་སུམ་བརྒྱ་སྟེ། ལེའུ་གཉིས་ལ་)བམ་པོ་གཅིག་བཅས་བརྩི་བ་བཀའ་བསྟན་དཀར་ཆག་འགར་གསལ་ཞེས་མཁས་དབང་དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས་ཚིག་མཛོད་དུ་ཇི་ལྟར་གསུངས་པའི་ལམ་སྲོལ་ཡོད་བཞིན་པའི་རྩོམ་ཡིག་རིང་ཐུང་འཇལ་ཚད་དེ་ལྟར་ལག་ལེན་གསོན་གནས་ཐུབ་ཐབས་དང་། དེའི་ཐོག་གསལ་ཁ་སྤེལ་ཕྱོགས་གསར་གཏོད་དགོས་རིགས་བོད་བརྡའི་རང་ལུགས་དང་ཅིས་ཀྱང་མཐུན་པ་ཞིག་གི་ཐོག་ནས་འབད་བརྩོན་འོས་ངེས།
    གྲངས་ཀ་བརྩི་སྟངས་འདི་ལ་ནུབ་གླིང་པ་སོགས་ཀྱི་བརྩི་སྲོལ་ལྟར་ན། སྟོང་ཕྲག་བཅོ་ལྔ་དང་། སྟོང་ཕྲག་བརྒྱ་ལ་སོགས་པ་རིམ་འཕར་དུ་སྟོང་རྩའི་བརྩི་སྲོལ་དང་། རྒྱ་ལུགས་ཀྱི་ཁྲི་བཅོ་ལྔ་དང་། ཁྲི་བརྒྱ་ལ་སོགས་པ་ཁྲི་རྩའི་གྲངས་འདྲེན་བྱེད་ལུགས་དེ་དག་བར་ལམ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ལེན་བྱེད་པ་འདི་ནི་ལེགས་ཆ་གཏན་ནས་མིན་པ་མ་ཟད། རིག་གཞུང་འཆོལ་སྤྱོད་ཡིན་པས། རང་ལུགས་ལ་སྔར་ནས་དར་ཞིང་ལག་ལེན་གང་འཚམས་ཡོད་མུས་ཀྱི་གྲངས་གནས་དྲུག་ཅུ་སྟེ། གཅིག  བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་བཅས་དགུ་ལ་རྐྱང་རྩིས་བྱེད་ཅིང་། དེ་ནས་ཐེར་འབུམ་དང་། ཐེར་འབུམ་ཆེན་པོ། ཁྲག་ཁྲིག  ཁྲག་ཁྲིག་ཆེན་པོ་སོགས་ལྟར། རབ་བཀྲམ། གཏམས། དཀྲིགས། མི་འཁྲུགས། ཁྱད་འབྱིན། སྤངས་རྟེན། དེད་འདྲེན། མཐའ་སྣང་། རྒྱུ་རིགས། འོད་མཛེས། དཔང་པོ། ལེགས་འབྱིན། རྟོགས་འགྲོ། དབྱིངས་རྡུལ། རྒྱ་རྟགས། སྟོབས་འཁོར། བརྡ་ཤེས། རྣམ་འབྱུང་། སྟོབས་མིག  བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཉེར་ལྔ་ནི་ཉིས་བརྩིས་ཅན་གྱི་གྲངས་གནས་ལྔ་བཅུ་སྟེ། དེའི་ཐོག་གྲངས་མེད་བསྣན་པས་ཁྱོན་བསྡོམས་གྲངས་ཀྱི་རིམ་པ་དྲུག་ཅུ་བརྩི་བ་ཡིན་པས། རང་རེའི་རིག་གཞུང་ལ་ཡོད་པ་རྣམས་རང་རེས་གཅེས་འཛིན་བྱ་རྒྱུར་སློབ་དགོས་པ་ཡིན།     
    ཕྱིས་སུ་“མཁས་དབང་”ཞེས་པ་ཕྱི་གླིང་པའི་“ཌོག་ཊར་”དང་། “པོར་ཧྥེ་སར་”ཅི་རིགས་ཀྱི་སྐད་དོད་དུ་བེད་སྤྱོད་ངེས་གཏན་མེད་པ་ཞིག་བྱེད་པར་སྣང་ཡང་། ཌོག་ཊར་ལྟ་བུའི་ལག་ཁྱེར་ཡོད་མཁན་རང་ཉིད་ནས་”ང་ཌོཀ་ཊར་ཡིན་”ཞེས་མི་གཞན་ལ་ངོ་སྤྲོད་བྱ་རྒྱུར་འཚེར་སྣང་གཏན་ནས་མི་དགོས་ཀྱང་། བོད་སྐད་དུ་”ང་མཁས་དབང་ཡིན་”ཞེས་ངོ་སྤྲོད་བྱས་ན་རང་ཉིད་ངོ་ཚ་ཞིང་། གཞན་དག་ཚང་མ་བཞད་གད་དིར་རིར་གྱུར་ཏེ། རང་མཐོང་ང་རྒྱལ་དྲེགས་ལྡན་ཞིག་ཏུ་བརྩི་བར་མི་འགྱུར་རམ། དེས་ན་སུས་ཀྱང་རང་ཉིད་མཁས་དབང་ཡིན་པར་སྨྲ་མི་ནུས་པའི་ཚིག་འདི་རིགས་ཌོཀ་ཊར་གྱི་སྐད་དོད་བྱ་རྒྱུ་གཏན་ནས་མི་འཚམས་པས། འདི་རིགས་ཕྱི་སྐད་རང་སོར་བཞག་ན་བདེ་བར་མངོན་པ་དུ་མ་སྐད་རིགས་གཞན་ནང་ལའང་བེད་སྤྱོད་བྱེད་པ་ཡིན། ཅིས་ཀྱང་བོད་བརྡ་ཞིག་ངེས་པར་དུ་དགོས་ན། རང་གཞན་གཉིས་ཀས་བེད་སྤྱོད་ཐུབ་ཅིང་། གོ་བདེ་བའི་ཐ་སྙད་ཅིག་འབྲེལ་ཡོད་དབང་ཚད་ལྡན་པ་རྣམས་ནས་ཁྱབ་སྤེལ་ངོ་སྤྲོད་གནང་དགོས།

ཐ་སྙད་འཆོལ་སྤྱོད།
    ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ནི་རང་རེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་གཅིག་པུ་ཡིན་པས། དེ་སྔ་མགོན་པོ་གང་དེའི་མཚན་གྱི་ཆེ་བརྗོད་དུ་༧རྒྱལ་བ་རིན་པོ་ཆེ་ཞེས་ཞུ་བ་མ་གཏོགས། “༧སྐྱབས་མགོན་རིན་པོ་ཆེ་”ཞེས་ཞུ་སྲོལ་གཏན་ནས་མེད་པ་ནི་རྒན་རབས་ཚང་མས་མཁྱེན་གསལ་ལ། དེང་སང་“༧སྐྱབས་མགོན་རིན་པོ་ཆེ་”ཞེས་གུས་ཞབས་དེ་ཙམ་མེད་པར་སྣང་ཆུང་གི་རྣམ་པར་ཐོན་པ་འདི་རིགས་ཞུ་རྐྱང་བྱེད་པ་ཐོས་སྐབས་རྣ་བ་དང་། སྙིང་ལ་ཤིན་ཏུ་གཟན་ཞིང་། ༧གོང་ས་༧རྒྱལ་བའི་དབང་པོ་མཆོག་ནི་རང་རེའི་༧སྐྱབས་དང་མགོན་གཅིག་པུ་ཡིན་པས་གུས་བཀུར་ཞུ་བའི་ཚིག་གི་ཁོངས་སུ་“༧གོང་ས་”དང་། “༧སྐྱབས་མགོན་”ཞེས་པའི་ཚིག་ཟུར་ཐོན་ནའང་“༧སྐྱབས་མགོན་རིན་པོ་ཆེའི་”ཐ་སྙད་སྦྱོར་བ་ནི་གུས་ཞབས་ཆུང་སྐྱོན་ཡིན་པས་མི་འོས་ལ། སྒྲ་བཤད་དུ་ཡོད་ན་སྒྲ་འཇུག་ཡོད་པས་མ་ཁྱབ་ཟེར་བའི་མཚན་ཉིད་པའི་བཤད་སྲོལ་དེ་འདི་འདྲ་ལ་གོ་དགོས། གཞན་ཡང་བོད་ཀྱི་བླ་མ་མང་པོར་༧སྐྱབས་མགོན་གྱི་མཚན་ཡོད་པ་དང་། བླ་ཆེན་ཁག་ལ་༧གོང་ས་ཞེས་པའི་ཆེ་བརྗོད་ཀྱང་ཞུ་སྲོལ་སྣང་བ་རྣམས་ནི་ལོ་རྒྱུས་རྣམ་ཐར་ཁག་ཏུ་གསལ་ཞིང་། ངག་རྒྱུན་ལས་ཀྱང་ཤེས་པ་ལྟར་རེད། ལྷག་པར་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་གསུང་བཤད་ནང་དུ་རང་ཉིད་ལ་“ང་༧རྒྱལ་བ་རིན་པོ་ཆེ་”ཞེས་གསུངས་པ་མ་གཏོགས། “ང་༧སྐྱབས་མགོན་རིན་པོ་ཆེ་”ཞེས་མི་གསུངས་པའང་ཚང་མས་གསན་ཡོད་ངེས་དེ་ལའང་རྒྱུ་མཚན་ཡོད་པ་དཔོག་པར་ནུས་པས། མགོན་པོ་གང་དེའི་མཚན་མཐོང་ལ་རན་པའི་ཆེ་བརྗོད་“༧རྒྱལ་བ་རིན་པོ་ཆེ་”ཞེས་ཞུ་རྒྱུ་སླར་ཡང་ཀུན་གྱི་ངག་ལམ་དུ་བྱང་ན་མཚན་དོན་མཚུངས་པའི་གུས་བཀུར་སྔ་སོར་ཆུད་པའི་བསོད་ནམས་རླབས་ཆེ་གསོག་པར་ངེས་པ་ཡིན།
    “༧སྐྱབས་རྗེ་”ཞེས་པ་ནི། དེ་སྔོན་ཆོས་ལྡན་ཞིང་སའི་དབུས་འགྱུར་འཆང་བར་དགེ་ལུགས་ཕྱོགས་སུ་མཚོན་ན་༧རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ལྟ་བུ་ཆོས་བརྒྱུད་རང་རང་གི་བླ་མ་ལུང་རྟོགས་ཡོན་ཏན་གྱིས་ལྕི་ཞིང་། བཤད་སྒྲུབ་ཀྱི་མཛད་རྗེས་རླབས་ཆེ་སྐྱོང་མཁན་ཤིན་ཏུ་ཉུང་ཤས་ཤིག་ལ། རང་ཁོངས་སེར་སྐྱའི་སྡེ་ཚོགས་ཆུང་ངུ་ཙམ་མིན་པར། ཆོས་བརྒྱུད་ཡོངས་རྫོགས་སམ། རང་ཁོངས་ཆོས་བརྒྱུད་དེའི་རིས་སུ་མ་ཆད་པའི་གདན་ས་དང་། དགོན་སྡེ་གཞན་ཁག་ཕན་ཚུན། དེའི་ཐོག་བོད་མི་རྒྱ་ཆེའི་མང་ཚོགས་ནས་ཀྱང་རྩོད་མེད་ཡོངས་གྲགས་སུ་མང་པོས་བཀུར་བའི་ཚིག་ཏུ་“༧སྐྱབས་རྗེ་”ཞེས་སྤྱི་མོས་ཐོག་ནས་མཚན་བསྟོད་ཞུ་སྲོལ་རང་ཆས་སུ་ཁྱབ་གདལ་འོང་བ་ཞིག་ཡིན་པ་མ་གཏོགས། གདན་ཐོབ་གོ་ས་ཡོད་ཙམ་སོགས་ལ་“༧སྐྱབས་རྗེ་”ཞུ་སྲོལ་མེད་ནའང་། དེང་དུས་བོད་ལྗོངས་ཕྱི་ནང་གང་སར་རྩ་ཆེའི་གུས་ཚིག་འདི་བཞིན་ཁྱབ་གདལ་ཆེ་བས། དག་སྣང་ཕྱོགས་མེད་དུ་འབྱོངས་པའི་རྟགས་ཡིན་ནམ་གང་ཡིན་མ་ཤེས།
    “ལགས་”ཞེས་པའི་ཚིག་འདི་ཐ་སྙད་གང་གི་མཇུག་ཏུ་སྦྱོར་སྲོལ་ཡོད་མེད་ཀྱི་ཁྱད་པར་ཆེ་སྟེ། དཔེར་ན། དགེ་བཤེས་ལགས། ཚོང་དཔོན་ལགས། སྙིང་ལགས། མ་ཆེན་ལགས་ཟེར་བ་སོགས་ནི་རྒྱུན་དུ་བརྗོད་སྲོལ་ཡོད་ཀྱང་། སྐུ་ངོ་། སྐུ་ཞབས། རིན་པོ་ཆེ་རྣམས་ཀྱི་མཇུག་ཏུ་“ལགས་”སྦྱར་སྲོལ་མེད་པས། དེང་སང་སྐུ་ངོ་ལགས། སྐུ་ཞབས་ལགས། རིན་པོ་ཆེ་ལགས་ཟེར་མཁན་ཐོས་སྐབས་བོད་སྐད་ཀྱི་བརྗོད་སྲོལ་དུ་སྔར་ནས་མ་གྲགས་པས་རྣ་བར་གཟན་སྟབས། ཚང་མ་གཅིག་གྱུར་བྱ་རྒྱུ་མེད་པ་རེད།
    སྤྱིར་བཏང་“སྐུ་ཞབས་”དང་། “སྐུ་ངོ་”ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་འདི་ལ་དེ་སྔ་བོད་དུ་གཞུང་ཞབས་རིམ་པ་བཞི་པའི་གོ་གནས་ཅན་ཡན་ཆད་ལ་“སྐུ་ངོའི་གདན་ཐོབ་”ཅེས་པ་ཞིག་ཡོད་པས། ཁོང་རྣམས་ལ་“སྐུ་ངོ་”ཞེས་ཞུ་སྲོལ་བྱུང་བ་དང་། གཞུང་ཞབས་རིམ་པ་ལྔ་པ་མན་ཆད་ལ་གདན་ཐོབ་དེ་མེད་པས་“སྐུ་ཞབས་”ཞེས་ཞུ་བ་ཡིན།
    གཞན་ཡང་“སྐུ་ཞབས་”ནི་སེར་སྐྱ་ཕོ་མོ་ཁྱད་མེད་གཞུང་གི་གདན་ཐོབ་དམིགས་བསལ་མེད་ཀྱང་བཀུར་འོས་ཁྱད་པར་བའི་རིགས་སུ་བརྩིས་ཏེ་བརྗོད་སྲོལ་ཡོད་པ། དཔེར་ན། སྐུ་སྐྱེ་མར་མཚོན་ན། མི་དྲག་རྣམས་ཀྱི་ཁྱིམ་ཐབས་དེའི་རང་མིང་ནས་འབོད་ན་“སྐུ་ཞབས་གཡང་འཛོམས་ལགས་”ཟེར་བ་ལྟ་བུ་དང་། དེ་མིན་ཚོང་པ་ཆེ་བའི་ཟླ་བོར་“སྐུ་ཞབས་སྙིང་ལགས་”དང་། གཞུང་གི་གདན་ཐོབ་རིམ་པ་ལྔ་པ་མན་ཆད་ཀྱི་སྐུ་ཟླར་“ལྕམ་ཆུང་སྐུ་ཞབས་”། རིམ་པ་གསུམ་པ་དང་། བཞི་པའི་སྐུ་ཟླར་“ལྕམ་སྐུ་ཞབས་”། རིམ་པ་དང་པོ་སྲིད་བློན་དང་། རིམ་པ་གཉིས་པ་ས་དབང་རྣམ་པའི་སྐུ་ཟླར་“ལྷ་ལྕམ་སྐུ་ཞབས”སོགས། སྐུ་སྐྱེ་མ་རྣམས་ལ་སོ་སོའི་སྐུ་ཟླའི་མཚན་གནས་དང་བསྟུན་ཏེ་གུས་ཚིག་སྦྱོར་ཚུལ་ཁྱད་པར་དེ་ལྟར་སྣང་བ་མ་གཏོགས་ཁ་ནས་གང་ཐོན་མ་ཡིན།
    སྐྱེས་པའི་ཁོངས་སུའང་“ཇོ་ལགས་སྐུ་ཞབས་”དང་། “སྲས་སྐུ་ཞབས་”། “རྩེ་དྲུང་སྐུ་ཞབས་ཡོན་ཏན་ལགས་”། “ཤོད་དྲུང་སྐུ་ཞབས་དབང་རྒྱལ་ལགས་”ཞུ་བ་ལྟ་བུ་རེད།
    རབ་བྱུང་ལ་ནི་རང་བྱུང་ཕའི་ཁོངས་སུ་དེ་སྔ་དབུས་ཕྱོགས་ཁུལ་དུ་རྩེ་རྣམ་རྒྱལ་གྲྭ་ཚང་དང་། གནས་ཆུང་། དགའ་གདོང་གི་གྲྭ་ཚང་གཉིས་ཀྱི་ཐོག   ལྷ་སའི་བསྟན་རྒྱས་གླིང་དང་། ཀུན་བདེ་གླིང་། བཞི་སྡེ་བསམ་གཏན་གླིང་། རྨེ་རུ་གྲྭ་ཚང་། ཚེ་སྨོན་གླིང་། ཚེ་ཆོག་གླིང་བཅས་གླིང་ཁག་དྲུག་གི་དགེ་འདུན་པ་རྣམས་ལ་“སྐུ་ཞབས་”ཞེས་ཞུ་དགོས་པའི་ཐོབ་ཐང་ཡོད་ཅིང་། དེ་མིན་རྒྱུད་གྲྭ་རྣམ་གཉིས་དང་། གདན་སའི་དགེ་འདུན་གྱིས་མཚོན་པའི་གྲྭ་བཙུན་གཞན་ལ་“སྐུ་ཞབས་”ཞུ་བའི་ཐོབ་ཐང་མེད། དེང་སང་ལྟ་བུ་རབ་བྱུང་མཐོང་ཚད་ལ་“སྐུ་ཞབས་”ཟེར་བ་འདི་ལྟར་ལེགས་པར་བརྩི་བར་འདོད་ན། ཕོ་མཆོག་མོ་དམན་གྱི་ལྟ་བ་མི་འཛིན་པར། བཙུན་མ་རྣམས་ལའང་“སྐུ་ཞབས་”ཞེས་མཚུངས་པར་ཞུ་འོས་པ་ཡིན།
    དེ་སྔ་རབ་བྱུང་མའི་ཁོངས་སུ་སྐུ་དྲག་ཆེ་ཁག་རྣམས་ཀྱི་སྲས་མོ་བཙུན་མ་རྣམས་ལ་“རྗེ་བཙུན་སྐུ་ཞབས་”དང་། “རྗེ་བཙུན་མ་”ཞེས་ཞུ་སྲོལ་ཡོད་ཅིང་། དེ་མིན་ལ་སྲས་མོ་སྐུ་ཞབས་ཞུ་ལ། དཔལ་ས་སྐྱའི་ཕོ་བྲང་གི་འཇམ་དབྱང་འཁོན་གྱི་གདུང་བརྒྱུད་ལ་ནི་སྲས་མོ་བཙུན་མ་མིན་ཡང་རྗེ་བཙུན་ཞེས་མཚན་སྨོས་ཆེ་བསྟོད་ཞུ་བ་ཡིན།
    “རྒན་ལགས་”ཞུ་སའི་ཡུལ་ནི་རང་ཉིད་ནས་ཤེས་ཡོན་གང་ཞིག་སློབ་ཁྲིད་ཞུ་ཡུལ་དང་། སྤྱིར་བཏང་གི་དགེ་རྒན་གྱི་རིགས་དང་། གྲྭ་རྒན་ལྟ་བུར་“རྒན་ལགས་”ཞུ་སྲོལ་སྔར་ནས་ཡོད་པ་མ་གཏོགས། སློབ་ཁྲིད་བྱེད་པའི་ལས་དོན་དང་མི་འབྲེལ་བའི་སེར་སྐྱ་ཕོ་མོ་གཞན་ལ་“རྒན་ལགས་”ཞེས་ཁྱབ་ཆེར་འབོད་པ་ནི་རང་རེའི་སྐད་ཀྱི་འགྲོས་དང་། བསམ་བློའི་འཁྱེར་སོ་གང་ལའང་གཏན་ནས་མི་མཐུན་པ་ཞིག སྐད་ཡིག་གཞན་ནས་བྱུང་བའི་བརྗོད་སྲོལ་སིམ་འཛུལ་ལྷད་ཞུགས་ཏེ། བོད་བརྡ་མི་གཙང་བར་བྱེད་པའི་འབོད་སྒྲ་ཉེན་ཁ་ཅན་ཡིན་པས་ཅིས་ཀྱང་འདོར་དགོས།   
    “ཁྱིམ་མིང་”ནི། རང་རེའི་སྲོལ་རྒྱུན་དུ་མི་ཚང་ཆེ་ཁག་མ་གཏོགས། སྤྱིར་བཏང་བོད་མི་མང་པོར་“ཁྱིམ་མིང་”མེད་ཀྱང་དེང་སང་ཡུལ་དུས་དགོས་དབང་གིས་ཁྱིམ་མིང་འདོགས་སྲོལ་དར་བ་རེད། གང་ལྟར་བོད་སྐད་དུ་ཁྱིམ་མིང་འབྲི་ན་སོ་སོའི་རང་མིང་གི་སྔོན་དུ་འཇོག་དགོས་པ། དཔེར་ན། “ཟུར་ཁང་དབང་ཆེན་དགེ་ལེགས་”ཞེས་པ་ལྟ་བུ་མ་གཏོགས། ཕྱི་གླིང་པའི་སྐད་ཡིག་གི་འགྲོས་ལྟར་གོ་ལྡོག་ནས། “དབང་ཆེན་དགེ་ལེགས་ཟུར་ཁང་”ཞེས་འབྲི་བརྗོད་བྱས་ན་བོད་བརྡའི་བརྗོད་འགྲོས་ཉམས་པས་མི་འགྲིགས། དེ་བཞིན་ཤེས་ཡོན་གྱི་མིང་ཐོབ་དང་འབྲེལ་བ་རྣམས་ཀྱང་མཚུངས་པ། དཔེར་ན། “ཤསྟིརི་བསྐལ་བཟང་”དང་། ཨ་ཙརྱ་མཁྱེན་རབ་རྒྱ་མཚོ། དགེ་བཤེས་ཡོན་ཏན་གྲགས་པ་ཟེར་བ་ལྟ་བུ་མ་གཏོགས། “བསྐལ་བཟང་ཤསྟརི་”དང་། མཁྱེན་རབ་རྒྱ་མཚོ་ཨ་ཙརྱ། ཡོན་ཏན་གྲགས་པ་དགེ་བཤེས་ཞེས་བོད་ཡིག་ཏུ་འབྲི་བརྗོད་མི་འོས་པ་ནི་རང་རེའི་བརྡ་ལ་བྱང་བ་ཚང་མས་མཁྱེན་གསལ་སོང་བས། སྐད་ཡིག་གང་ཞིག་བེད་སྤྱོད་བྱེད་ན་དེ་རང་གི་སྲོལ་ཚུགས་མ་ཉམས་པར་འབྲི་བརྗོད་དགོས་ངེས་ཡིན་པས། ཤེས་བཞིན་ཁྱད་གསོད་མ་སོང་བར་བྱ་དགོས།
    “བླ་སྤྱི་”དང་། “ཚོགས་ཆེན་”གྱི་ཁྱད་པར་ནི། དགེ་ལུགས་ཀྱི་གདན་ས་ཆེ་ཁག་གི་མཁན་པོ། དབུ་མཛད། ཆོས་ཁྲིམས་པ་སོགས་ལས་སྣེ་རྣམས་ཀྱིས་དགོན་པའི་ལས་དོན་འཛིན་སྐྱོང་བྱ་ཡུལ་ལས་ཁུངས་དེ་ལ་“བླ་སྤྱི་”ཟེར་བ་དང་། གདན་ས་ཆེན་པོའི་ནང་གསེས་གྲྭ་ཚང་ཕན་ཚུན་གྱི་དགེ་འདུན་ཡོངས་རྫོགས་ལྷན་ཅིག་ཏུ་ཚོགས་ཡུལ་དེ་ལ་“ཚོགས་ཆེན་”ཞེས་འབོད་པའི་ཁྱད་པར་ཡོད་པ་བོད་མི་རྒན་རབས་ཚང་མས་མཁྱེན་གསལ་རེད། དེང་སང་“ཚོགས་ཆེན་”དང་“བླ་སྤྱི་”གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་བེད་སྤྱོད་གཏོང་སྟེ་དེ་གཉིས་ཀྱི་དབྱེ་བ་འབྱེད་མི་ཐུབ་པར་སྣང་བ་མ་ཟད། ཚོགས་ཆེན་གྱི་གཞུང་སྒོ་ལའང་“བླ་སྤྱི་”ཞེས་ཕྱིན་ཅི་ལོག་ཏུ་བཀོད་པ་ནོར་སྐྱོན་ཆེན་པོ་རེད། “བླ་སྤྱིའི་འདུ་ཁང་ནང་ཚོགས་ཏེ་”ཞེས་པ་ལྟ་བུ་བྲིས་སྐབས། འཛིན་སྐྱོང་གི་ལས་ཁུངས་དེ་བཞིན་ཚོགས་ཆེན་འདུ་ཁང་ནང་ཚོགས་པ་ལྟར་གོ་བ་འདི་དང་འདི་ལྟ་བུ་དོན་དང་མི་མཐུན་པའི་ལམ་ནས་སྐད་ཡིག་ལ་འགྱུར་བ་ལོག་པར་སོང་ན། རང་རེའི་རིག་གཞུང་འཆལ་བའི་དྲི་མས་བགོས་པའི་ཐ་སྙད་ལོ་རྒྱུས་ཀྱི་ཡིག་ལམ་དུའང་འཁོད་པར་འགྱུར་བས་ཅིས་ཀྱང་ཡོ་བསྲང་གནང་དགོས།
    “གསུང་བཤད་”དང་། “བཀའ་སློབ་”གཉིས་ལ་ཁྱད་པར་ཆེ་བ་ཡིན། གསུང་བཤད་ལ་ནི། གནས་སྟངས་ངོ་སྤྲོད་དང་། གསལ་བཤད། འགྲེལ་བརྗོད། དགོངས་འཆར། ཆོས་ཀྱི་ལམ་སྟོན་སོགས་ཀྱི་རྣམ་གྲངས་མང་ཡང་། དཔེར་ན། གསུང་ཆོས་སྐབས་སུ་སྒོ་གསུམ་གྱི་འཁྱེར་སོ་ཇི་ལྟར་ཉམས་ལེན་འོས་མིན་སློབ་སྟོན་གནང་གིན་ཡོད་རུང་། དེ་ལ་གཙོ་བོ་“གསུང་བཤད་”གནང་ཟེར་བ་མ་གཏོགས། “བཀའ་སློབ་”གནང་ཚུལ་མི་ཟེར་བ་རེད། བཀའ་སློབ་ནི། རིམ་པ་གོང་མས་འོག་མ་རྣམས་ལ་འདི་གྱིས། འདི་མ་བྱེད་ཅེས་བསླབ་བྱ་རྒྱབ་པའི་ཞེ་ས་ཡིན་པས། བསླབ་བྱ་རྒྱབ་ཡུལ་མཆོག་དམན་གྱི་ཁྱད་པར་ལ་བརྟག་ནས་“བཀའ་སློབ་གནང་”ཞེས་པའི་ཚིག་དེ་འོས་འཚམས་ཡིན་མིན་གོ་བས་ཆོད་པར་བྱས་ཏེ་འབྲི་བརྗོད་བྱ་ཚུལ་འདོར་ལེན་ཤེས་དགོས། དཔེར་ན། དེང་སང་རང་རེའི་བླ་དཔོན་རྣམས་ནས་གུས་བཀུར་འོས་པའི་ཕྱི་རྒྱལ་གྱི་གྲོས་ཚོགས་ལྟ་བུར་གསུང་བཤད་གནང་རིགས་ལ་“བཀའ་སློབ་”ཅེས་པའི་ཐ་སྙད་སྦྱོར་ན། ཡུལ་དུས་གནས་སྟངས་ཅི་རིགས་ལ་བརྟེན་ནས་མི་འཚམས་པར་མངོན་པ་བཞིན་རེད།
    [དགོན་པར་འཆམ་“འཁྲབ་”རྒྱུ།] ཞེས་གསལ་ཡང་། འཆམ་རྒྱབ་ཅེས་བརྗོད་པ་མ་གཏོགས། འཁྲབ་པའི་བྱེད་ཚིག་སྦྱར་སྲོལ་མེད་ཅིང་། བཀའ་དབང་གནང་བ་ལ། [བཀའ་དབང་“གསུངས་”] ཞེས་བྲིས་པའང་མི་བདེ་བ་ལྟར། འདི་དང་འདི་རིགས་སྔར་ནས་ཡོངས་སུ་གྲགས་པའི་བྱ་ཚིག་གི་འགྲོས་དང་བསྟུན་དགོས།
    སློབ་གྲྭའི་ནང་གི་“སློབ་ཕྲུག་”ལ་དེང་སང་“སློབ་མ་”ཞེས་འབྲི་བརྗོད་ཁྱབ་གདལ་འདུག་པ་དེ་ནི་ནོར་འཁྲུལ་ཤིན་ཏུ་ཆེ་སྟེ། “སློབ་མ་”ཟེར་བ་ནི། བླ་མ་ཞིག་ལས་ཆོས་ཉན་པའི་གང་ཟག་ཁོ་ནར་གོ་ལུགས་ངེས་ཅན་ཞིག་ཡོད་པ་སྔར་ནས་གྲགས་ཤིང་གྲུབ་ཚུལ་ཆོས་དང་རིག་གཞུང་ལ་གོ་བ་ཅུང་ཟད་ཡོད་པ་ཡན་ཆད་ནས་མཁྱེན་མཁྱེན་པ་ལྟར། དེ་འདྲའི་སློབ་མ་དེས་རང་གི་བླ་མ་དང་བླ་སློབ་ཀྱི་འབྲེལ་བ་གལ་ཆེར་བརྩིས་ཏེ། བླ་མ་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་ལ་སོགས་པ་ཤེས་པར་བྱས་ནས། ཚུལ་ཇི་ལྟར་བསྟེན་པའི་དམ་ཚིག་བསྲུང་དགོས་པ་རྣམས་དང་འབྲེལ་བ་ཡོད་པས།  སློབ་ཕྲུག་ཅེས་པའི་ཐ་སྙད་ཡོད་བཞིན་པ་དེ་དང་། སློབ་མ་གཉིས་བེད་སྤྱོད་གཏོང་ཡུལ་མཚམས་ཚིགས་སོ་སོར་ཅིས་ཀྱང་བརྩི་དགོས། དེ་ལ་བརྟེན་ནས་སློབ་གྲྭ་ཁག་ནང་བླ་མ་མེད་པའི་སློབ་མས་ཁེངས་པ་ལྟ་བུ་གོ་མི་བདེ་བ་འདིའང་འགོག་པ་ཡིན།
    《ཤམ་བྷ་ལ་ཕོ་ཉའི་དཔར་མཛོད་》དུ། [སྐུ་ཉིད་ཀྱི་མཐུན་འགྱུར་རོགས་འདེགས་དང་། ཞལ་འདེབས་ལ་ང་ཚོས་ནམ་ཡང་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན།] ཞེས་པ་དང་། རྩོམ་ཡིག་ཅིག་ཏུ་ [ང་ཚོ་དུས་ནམ་ཡང་གཞིས་ལུས་རྒྱ་ཆེའི་མི་མང་མཉམ་དུ་ཡོད།] ཅེས་པའི་མགོ་བརྗོད་ཅིག་མཐོང་བ་འདིའི་“ནམ་ཡང་”ཞེས་པ་དགག་ཚིག་ཡིན་པས། དེའི་ཚིག་མཇུག་ཏུ་“མེད་”ཅེས་ (ནམ་ཡང་ ་་་ དགའ་བསུ་ཞུ་རྒྱུ་མིན། ནམ་ཡང་ ་་་ མཉམ་དུ་མེད།) ལྟ་བུ་དགག་ཚིག་ཅིག་དགོས་པ་མ་གཏོགས། “ནམ་ཡང་”དང་། “ཡོད་”ཅེས་པའི་དགག་སྒྲུབ་ཀྱི་ཚིག་གཉིས་ཀ་བརྗོད་དོན་གཅིག་ལ་འདི་ལྟར་མི་འཇུག་པས། མཉམ་དུ་འབྲི་བ་ནོར་སྐྱོན་ཡིན།
    དྲི་བ་ཞིག་ཏུ། [དཀའ་ངལ་གཙོ་བོ་གང་དག་འཕྲད་ཀྱི་འདུག ] ཅེས་བྲིས་འདུག་མོད། “གང་དག་”ཅེས་པ་ནི། སྐྱེ་བོ་སུ་ཞིག་ཅེས་པའི་དོན་དང་མཚུངས་པས་དྲི་ཚིག་མ་ཡིན་པས། གང་འཕྲད་ཀྱིན་འདུག་ཅེས་འབྲི་དགོས།
    “པཱས་”ཞེས་པའི་ཁ་སྐད་ཀྱི་དྲི་ཚིག་ལྟ་བུ་འདི་ལ་དེང་སང་འགའ་ཤས་ནས། ག་རེ་རེད་པཱས། གང་འདྲ་རེད་པཱས། ག་པ་ཕྱིན་པ་རེད་པཱས། ག་དུས་སླེབས་པ་རེད་པཱས། སུས་ལབ་པ་རེད་པཱས། ཞེས་པ་ལྟ་བུ་ཚིག་མཇུག་ཏུ་“པཱས་”ཞེས་སྦྱར་མཁན་མང་ཙམ་ཐོས་པ་དེ་ནི་བོད་སྐད་འཆོལ་སྤྱོད་ཧོན་འཐོར་བའི་རང་བཞིན་ཏེ། “ག་རེ་”ཞེས་པ་དེ་རང་དྲི་ཚིག་ཡིན་ལ། “པཱས་”ཞེས་པའང་ཁ་སྐད་ཀྱི་དྲི་ཚིག་ཏུ་སོང་གཤིས། དྲི་བ་གཅིག་གི་ཁོངས་སུ་དྲི་ཚིག་གཉིས་བེད་སྤྱོད་བྱེད་པ་དེ་ཟློས་སྐྱོན་ཆེན་པོ་ཡིན་སྟབས། ག་རེ་རེད། གང་འདྲ་རེད། ག་པ་ཕྱིན་པ་རེད། ག་དུས་སླེབས་པ་རེད། སུས་ལབ་པ་རེད། ཅེས་སོགས་བརྗོད་ནས་ཚིག་མཇུག་གི་“པཱས་”ཞེས་པ་དྲི་ཚིག་གཞན་དང་མཉམ་དུ་སྦྱར་བ་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཚིག་འདི་རྒྱང་རིང་དུ་དོར་ཏེ། ཅིས་ཀྱང་དྲི་བ་གཙང་མ་ཞིག་བཀོད་དགོས། ལར་ནས་“པཱས་”ཞེས་པའི་ཁ་སྐད་ཀྱི་དྲི་ཚིག་འདི། རེད་“པཱས་”། ཡིན་“པཱས་”། ཡོད་“པཱས་”། ཟེར་བ་ལྟ་བུ་དྲི་སྟངས་ཀྱང་ཅུང་ཟད་མི་འདྲ་བ་རེད།
    དེང་སང་ཁ་སྐད་དུ་ཚིག་མཇུག་ལ་“ཡིན་པཱ་”། “རེད་པཱ།” “སོང་བཱ།” ཟེར་བ་སོགས་སྦྱོར་མཁན་ཇེ་མང་དུ་འགྲོ་བར་སྣང་བ། དཔེར་ན། “ཁ་སང་ང་ཁྲོམ་ལ་ཕྱིན་པ་ཡིན་པཱ་”། ཟེར་བ་ལྟ་བུ་ང་ཁ་སང་ཁྲོམ་ལ་ཕྱིན་པ་མཐོང་བའི་མི་ཞིག་ལ་རྗེས་སུ་དེ་ལྟར་བཤད་ན། མི་དེས་ཀྱང་”འོ་དེ་ཀ་རང་ཡིན”། ཞེས་མོས་མཐུན་བྱེད་ཐུབ་པས་འགྲིགས་ཀྱང་། ང་རང་ཁྲོམ་ལ་ཕྱིན་པ་མཐོང་ཐོས་མེད་པའི་མི་གཞན་ཞིག་ལ་དེ་ལྟར་བརྗོད་ན། མི་དེས་“དེ་ངས་ཧ་གོ་མ་སོང་། མཐོང་མ་བྱུང་”ཟེར་རྒྱུ་ལས་མ་འདས་པས། ཚིག་མཇུག་ཏུ་“ཡིན་པཱ་”ཞེས་སོགས་“པཱ་”སྒྲ་སྦྱོར་བ་དེ་ནོར་སྐྱོན་ཆེ།
    “ཐག་གཅོད་”ཅེས་པའི་ཚིག་འདི་རང་བོད་པའི་སྐད་ཡིག་ནང་ཡོད་ཀྱང་། དེང་སང་འཚོ་བའི་དཀའ་ངལ་བསལ་བ་ཞེས་ཟེར་རྒྱུའི་ཚབ་ཏུ་འཚོ་བ་“ཐག་གཅོད་”ཐུབ་པ་ཞེས་དང་། འཛུགས་བསྐྲུན་བྱེད་པའི་ནང་“ཐག་གཅོད་“ཡག་པོ་བྱ་དགོས། དཔལ་འབྱོར་“ཐག་གཅོད།” ་་་ལས་གནས་ཐག་གཅོད། ལས་ཞུགས་ཐག་གཅོད། འགལ་རྐྱེན་ཐག་གཅོད། ཟེར་བ་ལྟ་བུའི་ཚིག་སྦྱོར་འདི་ལྟར་བེད་སྤྱོད་གཏོང་སྟངས་སྐད་ཡིག་གཞན་གྱི་ཟླས་དྲངས་པ་ལས་བྱུང་བ་ཞིག་ཡིན་སྲིད་ནའང་། རང་རེའི་བརྡ་དག་གི་འགྲོས་ནང་འཇུག་པ་མི་བདེ་ཞིང་། དེའི་ཚབ་ཏུ་གཏན་འབེབས་དང་། གཏན་ཁེལ། ཞེས་པ་ལྟ་བུ་ཅི་རིགས་ཡོད་པ་ཡོངས་གྲགས་རྣམས་དང་དོན་ཅུང་ཟད་མི་མཐུན་པ་མ་ཟད། གོ་མི་བདེ་བ་དང་། འགའ་རེར་དོན་སྐྱོན་ཡང་འབྱུང་བ་རེད།
    “གནས་ཚུལ་ལྷག་”ཟེར་བ་ཞིག་བར་ལམ་ཡང་ཡང་གོ་རྒྱུ་འདུག་མོད།  “གནས་ཚུལ་”ཞེས་པའི་ཚིག་འདི་དེང་སང་རྙོག་ཁྲ་དང་དོན་གཅིག་ཡིན་པར་བསམ་ནས་གོ་དོན་འཛོལ་བའི་ཚིག་གསར་ལྟ་བུ་ཞིག་ཏུ་བེད་སྤྱོད་ལོག་པར་གཏོང་མཁན་འདུག་ཀྱང་།  “གནས་ཚུལ་”ཟེར་བ་ནི་གནས་སྟངས་དང་འདྲ་ཞིང་། གསར་འགྱུར་ལའང་གོ་བར་འགྱུར་བ་མ་གཏོགས། རྙོག་ཁྲ་དང་འབྲེལ་བ་གང་ཡང་མེད་པས། བོད་ཀྱི་སྐད་ཡིག་རང་གི་གོ་དོན་གང་ཡོད་དེའི་འགྲོས་ལྟར་ཤེས་ནས་འབྲི་བརྗོད་དགོས་ངེས།
    “མིག་སྔར་” ཞེས་པ་ཞིག་དེང་སང་ཡི་གེ་གང་ཞིག་མགོ་འཛུགས་སྐབས་དང་། ཡིག་དཀྱུས་སུའང་འབྲི་མཁན་འོང་བར་སྣང་བ་འདི་ལྟར་བོད་ཡིག་གི་འགྲོས་ནང་སྔ་ན་མ་གྲགས་ཤིང་། གསར་བཀོལ་ཡིན་དུ་ཆུག་ཀྱང་རང་རེའི་སྐད་ཡིག་གི་བབས་དང་གཏན་ནས་མི་མཐུན་པ་ཞིག་རེད། དོན་དག་དེ་རང་སྟོན་བྱེད་ཀྱི་ཚིག་གཞན་སྣ་ཚོགས་ཡོད་བཞིན་ཕྱིའི་སྐད་ཡིག་གི་ཚིག་སྦྱོར་ལྟ་བུ་འདི་རིགས་ཐད་བསྒྱུར་ཅི་ལ་བྱ་དགོས། འདི་འདྲའི་ཐོག་ནས་བོད་བརྡའི་སྤྱོད་ཚུལ་འཆོལ་བར་འགྱུར་བས་འཛེམས་ཟོན་བྱས་ན་རང་རེའི་རིག་གཞུང་གཅེས་འཛིན་ལག་ཏུ་ལེན་པ་ཡིན།
    དེ་བཞིན་ [་་་ ་་་ ཡིན་པར་འདོད།] ལྟ་བུ་ཚིག་མཇུག་ཏུ་སྦྱར་བ་མཐོང་ཞིང་། “འདོད་”ཅེས་པ་ནི། ལྟ་གྲུབ་སྟོན་པའི་གཞུང་དང་། ནང་དོན་རིག་པའི་མཚན་ཉིད་རྩོད་སྦྱོང་སྐབས་རྟགས་བསལ་གཏོང་བར་ལན་རྒྱབ་སྟངས་ཀྱི་སྲོལ་དུ་འདི་འདྲ་ཞིག་ཡོད་པ་ལས། རྒྱུན་དུ་འབྲི་སྲོལ་གཏན་ནས་མེད་པ་མ་ཟད། སྔར་མེད་གསར་གཏོད་བྱས་ཀྱང་བརྗོད་བདེ་དོན་གསལ་ལེགས་པའི་གྲས་ཤིག་ག་ལ་ཡིན།   
    “མི་ཉུང་བ་ཞིག་”ཅེས་པའི་ཚིག་འདི་ལྟ་བུ་འབྲི་མཁན་གང་འཚམས་སྣང་ཡང་། དེ་ནི་བོད་བརྡའི་རྒྱུན་སྤྱོད་ཀྱི་འགྲོས་སུ་སྦྱོར་སྲོལ་མེད་པར་སྨྲ་ཆོག་པར་སྙམ་ལ། སྐད་རིགས་གཞན་གྱི་ཤན་མ་ཞུགས་པའི་ངེས་པའང་མ་མཆིས། འདིའི་ཚབ་ཏུ་གང་འཚམས་དང་། ཕལ་ཆེ། མང་ཆེ་བ། འགའ་ཤས། ཕྲན་བུ། ཅུང་ཟད་ལ་སོགས་པ་སྐབས་དང་འཚམས་པར་སྦྱོར་རུང་བ་མཁྱེན་གསལ་རེད།
    གསུང་བཤད་དང་། དྲི་ལན་ཁག་གི་ཚིག་མཇུག་ཏུ། ་་་ “ཞུ་ཡཱ་ཡིན།” གསུང་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེ་ནི་དགོས་མེད་ཀྱི་ཚིག་ལྷག་ཙམ་མ་ཟད། རྒྱུན་སྤྱོད་ཀྱི་འགྲོས་དང་མི་མཐུན་པས་དོར་དགོས།
    “བཀྲ་ཤིས་བདེ་ལེགས་”ཞེས་པ་འདི་དེང་སང་རྒྱུན་དུ་འཚམས་འདྲི་ཞུ་ཚིག་ཏུ་བེད་སྤྱོད་བྱ་སྲོལ་ཁྱབ་གདལ་ཤུགས་ཆེས་སླར་ལྡོག་མི་ནུས་པའི་ཚོད་ཙམ་གྱུར་ཟིན་པར་མངོན་ནའང་། ཚིག་འདི་སྔར་སྐལ་བཟང་ལུགས་བཟང་གི་སྐབས་དེར་ལོ་གསར་དང་།  ཆེ་སར་འདོན་པའི་ཁྲི་སྟོན། སློབ་སྦྱོང་མཐར་སོན་པ། བག་མ་གཏོང་ལེན་ལ་སོགས་པའི་རྟེན་འབྲེལ་བྱེད་སྐབས་ཁོ་ནར་མ་གཏོགས་བརྗོད་སྲོལ་མེད་པ་རྒན་རབས་ཡོངས་ནས་མཁྱེན་གསལ་ཡིན་པས་ཞིབ་ཞུ་མ་དགོས། དེ་སྔོན་ཉིན་བསྟར་དགའ་ཉེ་བློ་དཀར་ཡང་ཡང་འཕྲད་སྐབས་དང་། ཕན་ཚུན་མཉམ་དུ་འཛོམས་ཚེ་“བཀྲ་ཤིས་བདེ་ལེགས་”ཞེས་བརྗོད་མི་དགོས་པར།  བཞུགས་གདན་འཇགས། མ་མཇལ་རྒྱུན་རིང་། བཞུགས་ཡོད་པས། སྐུ་གཟུགས་བདེ་པོ།  ག་པར་ཕེབས་ཀ  ག་རེ་གནང་གིན་ཡོད། ཕེབས་ཨང་། བཞུགས་ཨང་། ཁམས་བདེ་མོ། བདེ་མོ་སོགས་ངོ་འཕྲད་མ་བྱུང་བའི་དུས་ཡུན་རིང་ཐུང་ལ་དཔགས་པའི་འབྲེལ་མཐུད་ཀྱི་ཚིག་སྣ་ཚོགས་བརྗོད་དང་མི་བརྗོད་ཅི་རིགས་རང་རེའི་མི་རིགས་ཀྱི་གོམས་གཤིས་གཞིར་བཟུང་ཐོག་ནས་ཡང་བསྐྱར་འཕྲད་པའི་དགའ་ཚོར་ཉམས་སུ་མྱོང་སྲོལ་བྱུང་ཡོད། གལ་ཏེ་ཕྱི་ལུགས་ཀྱི་རྗེས་སུ་ཞུགས་ཏེ་འཚམས་འདྲིའི་ཚིག་ཅིག་ཅིས་ཀྱང་སྨྲ་བར་འདོད་ན། བར་ལམ་ཞིག་ནས་“སྔ་དྲོ་བདེ་ལེགས་”ཟེར་བ་སོགས་དུས་ཚོད་སྔ་ཕྱིའི་རིམ་པ་དང་བསྟུན་ནས་འཚམས་འདྲི་སྣ་ཚོགས་བྱ་སྲོལ་དར་ཁྱབ་ཡོད་པ་དེ་ནི། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། ཞེས་པའི་སྨོན་ཚིག་ཡོད་མུས་རང་ལུགས་དང་ཡང་མི་མཐུན་པ་ནི་མིན་པས། དེ་རིགས་ཅིའི་ཕྱིར་བེད་སྤྱོད་མི་བྱ། དེང་སང་མི་ཤི་རྐྱེན་ཆག་གིས་ཕུང་པོ་སྐྱེལ་བ་དང་། ཁ་ཆག་སྣ་རལ་བྱུང་སྐབས་ཚུན་ཆད་ནམ་འཕྲད་ལའང་ཚོར་སྣང་གང་ཡང་མེད་པར་“བཀྲ་ཤིས་བདེ་ལེགས་”ཟེར་བ་ཞིག་སྣང་བ་འདི་ནི་མཚམས་ཚིགས་མེད་པ་ཞིག་ཏུ་སྣང་ལ། དེ་ནི་ཉི་མ་འཆར་ནུབ་གཉིས་ཀའི་དུས་དང་། མཚན་མོའི་གུང་ལའང་“སྔ་དྲོ་བདེ་ལེགས་”ཞེས་བརྗོད་པ་དང་མཚུངས་ཤིང་། ལོ་གསར་སོགས་སོགས་ཀྱི་རྟེན་འབྲེལ་དགའ་སྟོན་བྱེད་སྐབས་འདི་ལས་ལྷག་པ་ཞིག་ནི་བརྗོད་རྒྱུ་མེད་པའི་སྣང་བ་མི་འདུག་གམ།
    འདི་རིགས་ད་དུང་མང་བས་རང་རེའི་སྐད་ཡིག་ལ་ལེགས་པར་སྤྱོད་འདོད་ཡོད་པ་རྣམས་ཀྱིས་ཡིད་གཟབ་ཆེནཔོས་རྟོག་དཔྱོད་ཀྱིས་འཇུག་དགོས་ཤིང་། གོང་དུ་ཞུས་པ་ལྟར་བློ་གསར་རྣམས་ལ་མིག་དཔེ་ཕྱིན་ཅི་ལོག་ཏུ་མི་འགྲོ་བར་བྱ་རྒྱུ་ལྷག་པར་དུ་གནད་ཆེ་སྙམ།

ཡིག་རྟགས།
    དེང་རབས་ཡིག་དཀྱུས་སུ་ཕྱི་ལུགས་ཀྱི་རྟགས་སྣ་ཚོགས་འགོད་སྲོལ་ཡོད་པ་དེ་ལྟར་བོད་ཡིག་ནང་དུའང་བེད་སྤྱོད་གཏོང་རིགས་འགའ་ཤས་དར་མུས་ལེགས་ཆ་ལྡན་ཡང་། གཞིས་འཁོད་བོད་མིའི་དཔེ་དེབ་སོགས་ལྟར་བྱེས་འབྱོར་བོད་མིའི་གསར་ཤོག་ཡིག་ཁག་རྣམས་སུའང་བེད་སྤྱོད་གཏོང་སྟངས་ལུགས་མཐུན་གཅིག་གྱུར་དགོས་པ་གལ་ཆེ།
    དཔེར་ན་“ཤད་གུག་ཟླ་ཚེས་” ( ་་་ ) འདི་བཞིན་མཆན་འགོད་རིགས་ལ་མ་གཏོགས་འདྲེན་རྟགས་ “ ་་་ “ འདིའི་ཚབ་ཏུ་འགོད་ཚུལ་རྒྱལ་སྤྱིའི་ཡིག་སྲོལ་ནང་མི་སྣང་བ་དང་། བོད་སྲོལ་སྒོ་ཁྱིམ་ ༼ ་་་ ༽ འདི་ནི་དཔེ་དེབ་ཀྱི་གྲངས་འདྲེན་དཀར་ཆག་ལྟ་བུར། ཀ་སྡེ་དང་། ཨང་རིམ་རྣམས་ལ་དམིགས་སུ་བཀར་བའི་རྟགས་སུ་འགོད་སྲོལ་ཡོད་རུང་། ཕྱིས་སུ་འདིའང་འདྲེན་རྟགས་ཀྱི་ཚབ་ཏུ་བེད་སྤྱོད་གཏོང་མཁན་སྣང་ལ། དེ་བཞིན་དཔེ་དེབ་དང་། རྩོམ་ཡིག་སོགས་ཀྱི་མིང་ངམ་ཁ་བྱང་ལའང་སྐབས་རེ་སྒོ་ཁྱིམ་བཀོད་པ་མཐོང་ཡང་། ཡིག་དཀྱུས་སུ་སྒོ་ཁྱིམ་མང་པོ་བྱུང་ན་མཐོང་སྣང་མི་སྙོམ་པར་འཆར་བས་མི་མཛེས་པ་མ་ཟད། “ཤད་གུག་ཟུར་ཅན་” 《 ་་་ 》འདི་རིགས་འབྲི་སྲོལ་ཡོད་མུས་ཀྱི་ལུགས་དང་བསྟུན་ན་མི་ལེགས་སམ།  ལུང་འདྲེན་རིགས་ལ་གོང་གསལ་འདྲེན་རྟགས་དང་། སྐབས་རེ་“ཤད་གུག་གྲུ་ཕྱེད་” [ ་་་ ]འདི་འདྲ་བཀོད་སྲོལ་འདུག་པ་ལྟར། དེ་ལ་སོགས་པ་ཀུན་དང་མཐུན་པར་གཅིག་གྱུར་བྱས་ན་གོ་སླ་དོན་གསལ་འོང་ངེས་སྙམ་པའི་དྲན་གསོ་ཞུ་རྒྱུ་ཡིན།  

བོད་ཀྱི་ཁ་སྐད་ཡིག་ཐོག་ཏུ་འབྲི་བའི་དགེ་མཚན།

    བོད་ཡིག་འབྲི་ཀློག་སྐོར་ལ་ངའི་དྲན་ཚུལ་འགའ་ཤས་ཁ་སྐད་ཐོག་ནས་འབྲི་འདོད་བྱུང་། དེང་སང་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་མི་མང་པོས་བོད་སྐད་ཤེས་ནའང་། བོད་ཡིག་འབྲི་ཀློག་གཉིས་ཀར་དཀའ་ངལ་འདུག  དེའི་རྒྱུ་མཚན་ལ། ཡིག་སྐད་དང་། ཁ་སྐད་བར་ལ་ཚིག་བེད་སྤྱོད་བྱེད་སྟངས་འགྱངས་བད་ཏོག་ཙམ་ཡོད་པའི་ཐོག་ལ། ང་ཚོའི་སྲོལ་རྒྱུན་གྱི་བོད་ཡིག་འབྲི་སྟངས་འདི་ལ་རྒྱ་གར་དང་། དབྱིན་ཇིའི་ཡི་གེ་འདྲ་པོ་ནང་བཞིན་ཚིག་རེ་རེ་བཞིན་ནས་གཅོད་མཚམས་ཡོད་མ་རེད་ལ། ཚིག་སྒྲུབ་ཧ་ཅང་རིང་པོ་དང་། གཅིག་ལ་གཅིག་འབྲེལ་ཐོག་ནས་འབྲི་སྟངས་རྙོག་པོ། དག་ཆའི་འགྲོ་སྟངས་ཅ་ཟིང་ཙམ་དང་། སུམ་རྟགས་ཁ་གསལ་ལ་མ་གསལ་དེ་བཅས་ཀྱི་ཐོག་ནས་དཀའ་ངལ་འདུག་ཟེར་གྱིན་ཡོད་རེད། གང་ལྟར་བོད་ཡིག་ཀློག་པ་ཡིན་ན་ཁོང་ཚོས་ཉན་དུས་ལམ་སེང་གོ་ཐུབ་ཀྱིན་ཡོད་མ་རེད།
    དཔེར་ན། གསར་འགྱུར་རྒྱང་བསྲིང་དེ། གནས་ཚུལ་གསར་པ་དེ་བཅས་མང་ཚོགས་ནས་ཤེས་པའི་ཆེད་ལ་བཤད་ཀྱིན་ཡོད་རེད་དེ། གཞིས་བྱེས་གཉིས་ཀའི་གསར་འགྱུར་རྒྱངས་བསྲིངས་ཁག་ཉན་དུས། ད་ལྟའི་ཀློག་སྟངས་དེ་ཚོ་ཡིག་སྐད་གཙོར་བཟུང་བྱས་ནས་ཀློག་ཙ། དེ་སྔ་བོད་ཡིག་འབྲི་ཀློག་གཉིས་ལ་དཀའ་ངལ་ཡོད་མཁན་དེ་ཚོས་དོ་སྣང་བྱས་ནའང་སྐད་དང་ཡི་གེའི་བར་དབྲག་གི་འབྲེལ་བའི་རྨང་གཞི་མེད་དུས། གསར་འགྱུར་ཆ་ཚང་གོ་བ་ལ་འགོག་རྐྱེན་བྱེད་ཀྱིན་ཡོད་རེད།
    ལྷག་པར་དུ་ཕྱིས་སུ་གསར་འགྱུར་ཀློག་སྟངས་ཚིག་གི་གཅོད་མཚམས་ཐུང་ཐུང་མང་པོ་བཟོས་ནས། གཅོད་མཚམས་ཁག་དེ་བཅས་རིང་པོར་སྣར་ཙ། དེ་བས་ཀྱང་ནས་གོ་མ་བདེ་བར་བྱེད་ཀྱིན་ཡོད་རེད། བོད་སྐད་རང་གི་འགྲོ་སྟངས་ལ་ཡིག་སྐད་དང་། ཁ་སྐད་གཉིས་ཀར་ཚིག་མཇུག་བསྡུམ་དེར་བཅད་ནས་སྣར་ཆ་མེད་པ་འདྲ་འདྲ་ཡིན་པ་དེ། ང་ཚོ་ཉན་མཁན་ཙམ་མ་ཚད། ཀློག་མཁན་ཁོངས་རྣམས་ཚོ་ཚང་མས་སོ་སོས་ཀློག་པའི་སྐབས་ལ་ཡག་པོ་བྱས་ནས་གསན་ན་མཁྱེན་གསལ་རེད། ཚིག་གི་གཅོད་མཚམས་དང་། གཅོད་སྟངས་འཆར་ཅན་ལྟར་བྱས་བཞག་ན་བོད་སྐད་རང་གི་འགྲོ་སྟངས་དང་ཡང་མཐུན་པ་རེད་ལ། གོའང་བདེ་བ་རེད། ལྷག་པར་རྒྱང་བསྲིང་ཁ་ཤས་རྒྱ་སྐད་ཀྱི་སྒྲ་མདངས་འདྲ་པོར་ཡར་ཀྱག་མར་ཕབ་ཤུགས་ཆེན་པོ་དང་། རིང་པོར་འཐེན་ཙ། མཚམས་རེ་བོད་སྐད་ཡིན་དང་མ་ཡིན་ལམ་སེང་ཧ་མི་གོ་བ་དེ་འདྲ་འདུག་ཟེར་མཁན་ཡོངས་གྲགས་རེད། གང་ལྟར་བོད་སྐད་ཀྱི་གདངས་དེ་བོད་ལུགས་རང་གི་སྒྲ་དྲག་ཞན་ལ་སོགས་པའི་འགྲོ་སྟངས་དེ་སྔ་ནས་ཡོད་ཡོད་པ་དང་མཐུན་པ་ཞིག་རང་འཇགས་བཞག་ན། ང་ཚོའི་རིག་གཞུང་གཅེས་འཛིན་ལ་ཞབས་འདེགས་གལ་ཆེ་བ་ཞིག་རེད།
    སྤྱིར་བཏང་ཡིག་སྐད་དེ་གཏིང་རིང་པོ་དང་། བརྗོད་བྱ་འདུས་པོ། སྙན་པོ། གཟི་བརྗིད་ཆེན་པོ། དོན་དག་ཟབ་ལོད་ལ་སོགས་པ་འདྲ་མི་འདྲ་ག་རེ་དགོས་ནའང་འཇུག་པ་བདེ་པོ་བྱེད་ནས་འབྲི་ཐུབ་པའི་དགེ་མཚན་མང་པོ་ཡོད་རེད། ཡིན་ནའང་ཚིག་ཕལ་ཆེ་བ་ཆོས་ཚིག་དང་འབྲེལ་ཙ། དེ་ཚོར་འགྲེལ་བཤད་མེད་པར་ལམ་སེང་གོ་ཐུབ་ལ་མ་ཐུབ་སྣ་ཚོགས་ཡོད་དུས། ཐོག་མར་སློབ་རྒྱུ་སྐད་ཡིག་གཞན་དག་ལས་ཅ་ཟིང་བ་རེད་འདུག    
    ང་ཚོས་དེ་སྔ་ཡི་གེ་ག་དུས་འབྲི་ནའང་ཡིག་སྐད་གཙོར་འདོན་བྱེད་ནས་འབྲི་བ་མ་གཏོགས། ཁ་སྐད་ནང་བཞིན་འབྲི་རྒྱུའི་གོམས་གཤིས་མེད་ཙ། རྩ་བའི་བོད་པའི་སྐད་ཡིག་ལ་དོ་སྣང་དང་། འཕེལ་རྒྱས་ཐོག་ལ་ཤུགས་མ་ཐུབ་ཀྱིས་འགོག་རྐྱེན་བྱེད་ཀྱིན་ཡོད་རེད། བྱས་ཙ་རྒྱུན་དུ་བེད་སྤྱོད་བྱེད་པའི་ཡི་གེའི་རིགས་དེ་ཁ་སྐད་ནང་བཞིན་ཡིག་ཐོག་ཏུ་བྲིས་པ་ཡིན་ན། བོད་ཡིག་འབྲི་ཀློག་གཉིས་ཀར་དཀའ་ངལ་སེལ་ཐུབ་པ་ཞིག་དང་། དེ་ནས་རིམ་པས་ཡིག་སྐད་ལའང་དོ་སྣང་འོང་བའི་ཟམ་པ་འདྲ་པོ་ཞིག་ཆགས་ནས། སྤྱིར་བཏང་བོད་པའི་སྐད་ཡིག་རང་གི་རྨང་གཞི་རྒྱ་སྐྱེད་ཐུབ་པ་ལ་ཕན་ཐོག་ངེས་པར་དུ་འོང་གིན་རེད་བསམ་གྱིན་འདུག
    དེ་འདྲ་སོང་ཙ་སྐད་ཆ་ཤོད་སྟངས་ཕལ་པ་དཀྱུས་མ་རང་མིན་པར་ཕྲན་བུས་གནས་ཚད་མཐོ་ཙམ་བྱས་ནས་བྲིས་ན། སུམ་རྟགས་ཀྱི་འགྲོས་དང་། དག་ཆ་མ་ཉམས་པའི་ཐོག་ནས་ཁ་སྐད་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཡས་མས་ཙམ་ཡིག་ཐོག་འཁྱོལ་མདོག་ཁ་པོ་རེད། ང་ཚོས་ཁ་སྐད་ཡིག་ཐོག་ལ་ཕབ་ཟེར་དུས་ངེས་པར་དུ་མདོ་དབུས་ཁམས་གསུམ་གང་རུང་གཅིག་གི་ཡུལ་སྐད་ལ་ཚད་འཛིན་དགོས་མདོག་ཁ་པོ་མ་རེད། ཡག་པོ་བྱས་ནས་དཔྱད་ན། ལོག་སྐད་མ་བརྩིས་པའི་ཆོལ་ཁ་གསུམ་གྱི་ལུང་པ་ཚང་མའི་ཁ་སྐད་ནང་ལ་བརྡ་གསར་རྙིང་ལ་སོགས་པའི་ཚིག་གང་འདྲ་ཞིག་བེད་སྤྱོད་གཏོང་མི་གཏོང་གི་ཁྱད་པར་ཞིག་བྱུང་བ་མ་གཏོགས། ཚང་མ་བོད་སྐད་གཅིག་གྱུར་རེད་ལ། བརྡ་དག་གི་འགྲོས་ལ་བསྟུན་ན། མང་ཆེ་བ་ཡིག་ཐོག་འཁྱོལ་ཐུབ་པ་འདྲ་འདྲ་རེད། བྱས་ཙ་ངས་འདིར་དབུས་སྐད་གཞིར་བཞག་གིས་བྲིས་ནའང་། ཁ་སྐད་ཀྱི་ཡི་གེ་ཚང་མ་དབུས་སྐད་རང་ལ་བསྟུན་ནས་འབྲི་དགོས་ཀྱི་མ་རེད། ལུང་ཚན་སོ་སོའི་ཁ་སྐད་ནང་བྲིས་ན་བོད་པའི་སྐད་ཡིག་གི་སྤྱོད་ཡུལ་ཁྱབ་རྒྱ་ཆེ་བ་འོང་གི་རེད།
    ང་ཚོས་ཡིག་སྐད་ལ་རྩ་བ་ཆེན་པོར་བརྩིས་ནས་དེ་རང་བེད་སྤྱོད་གཙོར་འདོན་བྱས་ན། རིན་ཐང་བྲལ་བའི་༧རྒྱལ་བའི་བཀའ་བསྟན་ལ་སོགས་པའི་ཡི་གེའི་ནང་དུ་ཡོད་པའི་རིག་གནས་གལ་ཆེན་པོ་དེ་ཚོའི་ནང་དོན་མི་ཤེས་པར་ཆགས་རྒྱུའི་ཉེན་ཁ་སྔོན་འགོག་ཐུབ་པའི་བསམ་བློ་དེ་ལ་ཕྱོགས་གཅིག་ནས་རྒྱུ་མཚན་ཡོད་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་བལྟ་དུས། སྤྱིར་བཏང་བོད་ཡིག་གི་སྤྱོད་ཤུགས་དེ་རང་ཁྱབ་རྒྱ་ཆེ་རུ་འགྲོ་ཐབས་ཤིག་བྱེད་མ་ཐུབ་ན། རིམ་པས་བོད་པའི་སྐད་ཡིག་འབྲི་ཀློག་ཉན་གསུམ་ཐུབ་མཁན་རྩ་བ་ནས་ཇེ་ཉུང་འགྲོ་རྒྱུ་གཏན་ཁེལ་ཙ། བོད་ཡིག་གི་གནས་ཚད་མཐོན་པོ་ཡོད་མཁན་དེ་བས་ཀྱང་ནས་ཉུང་དུ་འགྲོ་རྒྱུ་ཐག་ཆོད་ཆོད་པ་མ་རེད་པས། དེ་འདྲ་སོང་ཙ་ང་ཚོའི་གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་འབྲི་ཀློག་ཉན་གསུམ་ཐོག་ལ་སྣང་བརྟག་མེད་པ་ཞིག་བཟོ་ཐུབ་ན། རྨང་གཞི་དེའི་ཐོག་ནས་སྐད་ཡིག་གི་ཤེས་ཚད་ཟབ་ཏུ་གཏོང་རྒྱུའི་ཐབས་ཤེས་ཡོད་ཡོད་པ་རེད་བསམ་གྱིན་འདུག འདིའི་སྐོར་ལ་ཀླད་རྙིང་མཁྲེག་བཟུང་མིན་པར། རླབས་ཆེ་བའི་ཡར་རྒྱས་གཏོང་སྟངས་གང་འདྲ་ཡོད་མེད་ཆོད་སེམས་ཆེན་པོས་བརྟག་དཔྱད་བྱས་ནས། གསར་གཏོད་ཀྱི་ལམ་འགག་གུ་ཡངས་པོ་ཞིག་མགྱོགས་པོ་འཚོལ་ཕྱོགས་སྐོར་ལ་ཚང་མས་དགོངས་པ་བཞེས་དགོས་ངེས་རེད་ལ། དགོངས་བཞེས་གནང་རན་བཞག་བསམ་གྱིན་འདུག །།

དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།

སྔོན་མ།
གཏན་འབེབས་བརྡ་ཆད་སྦྱང་རྩལ་ཕུལ་བྱུང་བྱ་དགའ།
ཕྱི་མ།
སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭས་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་བ།
Menu