ཟླ་རེའི་གསར་འགྱུར།

དྷ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༣ ཉིན། བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དྷ་སྟེང་བོད་ཁྱིམ་ཐང་ཆེན་དུ་ཚོགས་སོང་དེ་ཡང་གོང་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དྷ་ས་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་དང་ས་འཐུས་སྐུ་ཚབ་རྣམ་པ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་མང་པོ་ལྷན་འཛོམས་ཐོག སློབ་ཕྲུག་རྣམས་ནས་གུས་འདུད་རུ་སྒྲིག་རིམ་པར་བཏང་སྟེ་ཕེབས་བསུ་ཞུས་གྲུབ་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་ནས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ལས་བསྡོམས་དང་ལྷན་ཕེབས་བསུའི་གསུང་བཤད་གནང་། དེ་ནས་སྲིད་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ཁྱིམ་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ་རྣམས་དང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཡང་རྩེར་སོན་པ།
    དེ་བཞིན་ཤེས་སྤྱོད་འཕྲོད་གསུམ་ལྡན་པའི་སློབ་མ་གཉིས་བཅས་ལ་ལེགས་སྐྱེས་གཟེངས་བསྟོད་གནང་གྲུབ་མཚམས་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་ལུས་རྩལ་སོགས་བརྩེས་རྗེས་དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།།

སྔོན་མ།
དྷ་ཤོད་བོད་ཁྱིམ་སློབ་གྲྭའི་རྩེད་འགྲན་ཐེངས་ ༢༣ པ་དབུ་འཛུགས་གནང་།
ཕྱི་མ།
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་དང་སྟབས་བསྟུན་ལས་བསྡོམས་སྙིང་བསྡུས་སུ་སྙན་སེང་ཞུས་པ་གཤམ་གསལ།
Menu