ཟླ་རེའི་གསར་འགྱུར།

ནག་པོ་རྒྱ་གླིང་(གཉིས་པ)

དེ་ནས་གེ་སར་རྒྱལ་པོས། བྱ་ཤང་པ་ཁྱོད་གཉིས་ལ་བུ་མོ་ཞིག་ཡོད་འདུག་པ་དེ་ང་རྒྱ་ནག་ལ་འགྲོ་དུས་དགོས་པའི་དུས་ཤིག་ཡོད་པས་ང་ལ་སྤྲོད་དགོས་གསུངས་ཙ་ན། ཤང་པ་གཉིས་ཀྱིས་ཕྱག་དང་བཅས། ཁྱེད་གེ་སར་རྒྱལ་པོ་ཐོས་པ་ཡོད་དེ་མཇལ་བ་མེད། དེ་རིང་མཇལ་བ་ངོ་མཚར་ཆེ་ལགས། ངེད་གཉིས་ཀྱང་བསོད་ནམས་དང་སྐལ་བ་ལྡན་པ་ཞིག་ཡིན་འདུག་ཟེར་ཞིང༌། བུ་མོ་ལོས་འབུལ་ཡང་ད་ལྟ་སྒོ་ང་ཁ་མ་ཕྱེ་བར་ཡོད་ཞུས་སོ།། དེ་ནས་ཞག་བདུན་སོང་བ་དང་སྒོ་ང་ཁ་ཕྱེ་སྟེ་བུ་མོ་གཡུའི་མདོག་ལ་དུང་གི་དབུ་སྐྲ་ཅན་མཛེས་ཤིང་ཡིད་དུ་འོང་བ་ཞིག་འཁྲུངས་པས་གླིང་གི་རྒྱལ་བློན་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་ཡང་གེ་སར་རྒྱལ་པོས། ཨག་གསེའི་བླ་གཡུ་དེ་རྒྱ་ཡུལ་དུ་འགྲོ་དུས་དགོས་མཁོ་ཡོད་པས། ཨག་གསེ་མཁར་ནང་ལ་ཨེ་འདུག་བལྟ་བར་སུ་འགྲོ་ཟེར་ཙ་ན། མ་བཞི་དཔོན་པོ་ཁྲོ་ཐུང་གིས་འགྲོ་རྒྱུར་ཁས་བླངས་ཏེ་ཨག་གསེའི་མཁར་རྩར་སོང་བས། མཁར་སྟེང་དུ་འུར་སྒྲ་ཆེན་པོ་ཞིག་གྲག་བཞིན་འདུག་པས། ཁྲོ་ཐུང་འཇིགས་ཏེ་འགྲོ་མ་ནུས་པར་སླར་སྒར་ལ་ཡོང་ནས་ན་རེ། ང་ཨག་གསེའི་མཁར་ཤོད་དུ་ཁོང་དང་འཕྲད་དེ་འཐབ་པས་ཁོང་ཐུབ། དེ་ནས་ཁོ་རླུང་ལ་གྱུར་ནས་ནམ་མཁའི་དབྱིངས་སུ་ཡལ་སོང་པས་བྱ་ཐབས་མ་བྱུང་ཞེས་ཟེར་ཙ་ན། སྒྲོ་རྒོད་མདའ་བཙན་ན་རེ། ཁྲོ་ཐུང་འདིས་ཅི་ཟེར་ཐམས་ཅད་ནམ་མཁའི་མེ་ཏོག་དང་འདྲ། མི་བདེན་རྫུན་སྒྲིག་མ་གཏོགས་ཆ་འཇོག་ཅི་ཡང་མེད། ཨག་གསེ་ནི་མཁར་ནང་ལ་ཡོད་པ་འདྲ་ཟེར་བས། གེ་སར་རྒྱལ་པོས་འདན་མ་བལྟ་བར་མངགས། དེ་ནས་འདན་མས་འཁོར་གསུམ་གྱོན་རྟ་ལ་བཞོན་ཏེ་ན་རེ། ང་དེ་རིང་ཨག་གསེ་ཁོ་དངོས་འཕྲད་ཀྱིས་ཅི་བྱས་རྒྱུ་མཚན་ཞུ་རྒྱུ་ཡོད་པ་ཞིག་བྱས་ནས་འོང་ཟེར་ནས་སོང་ངོ༌།།
འདན་མ་ཨག་གསེའི་མཁར་ལ་སླེབས་ཏེ་མཁར་གྱི་སྟེང་ཤོད་ཐམས་ཅད་དུ་ཕྱིན་ཡང་ཅི་གང་མེད་པར་སྟོང་པར་ཡོད་པས། འདན་མས་མཁར་སྟེང་དུ་སོང་སྟེ་རྒྱལ་མཚན་དང་རྒྱལ་རྔ་བཅག མཁར་ཕྱི་ནང་ཐམས་ཅད་རྩ་མེད་དུ་བཟོ་པར་བརྩམས་ཙ་ན། ཨག་གསེ་ཁོ་དངོས་ཡོད་ཀྱི་གཟུགས་སུ་བྱས་ཏེ་ན་རེ། ཡ་ཁོ་རེ་འདན་མ་ཐན་བྱིས་མཆུ་ནག ཁྱོད་ཀྱིས་ང་གྱེན་ལ་སོང་ན་སྐས་འཛུགས། ཐུར་ལ་སོང་ན་དོང་རྐོ། སྔ་དགྲ་ད་འཁོན་ཅི་ཡོད་པ་ཡིན། དུས་དེ་རིང་རྒྱལ་ཕམ་རྟིང་ཐག་མ་བཅད་ན་སྲིན་ཁེ་ཚེ་རལ་བའི་ཤ་ལ་ཟོ་ཟེར་ནས། འདན་མ་དང་ཇ་ཡུན་ཙམ་ཕྲག་ཆེན་སྦར་འཛིང་བྱས་ཀྱང་རྒྱལ་ཕམ་མ་བྱུང༌། དེ་ནས་རྡོ་ཕ་བོང་གཡག་ཙམ་ཞིག་ལ་ཁྲབ་རྨོག་དགུ་རེ་བཞག་སྟེ་མདའ་རྩལ་འགྲན་པར་ཨག་གསེས་མདའ་གཅིག་གིས་རྨོག་དགུ་དང་ཁྲབ་དགུ་ཕུག འདན་མས་མདའ་གཅིག་གིས་རྨོག་དགུ་དང་ཁྲབ་དགུ་ཤོག་སྐྱ་ལྟར་ཕུག་སྟེ་རྡོ་ཕ་བོང་དེ་ཐལ་བར་བཏང་པས། ཨག་གསེ་ཕམ་སྟེ་གར་སོང་མེད་པར་ཡལ་སོང་ངོ༌།།
དེ་ནས་འདན་མ་སླར་སྒར་དུ་ལོག་སྟེ་ཅི་བྱུང་གནས་ཚུལ་རྣམས་གེ་སར་རྒྱལ་པོར་ཞིབ་པར་ཞུས། དེ་ལྟར་ཨག་གསེ་འབྱུང་བ་ལྔ་ཅི་འགྱུར་ལ་རང་དབང་ཡོད་པས་ཅི་བྱས་ཀྱང་ལག་ཏུ་མ་ཟིན་པ་ལ། གེ་སར་རྒྱལ་པོའི་དགོངས་པར། དུས་གཞན་ཡིན་ན་ང་ལ་དགྲ་ལྷ་དང་ཝེར་མ་སོགས་སྡོང་གྲོགས་ཡོད་ཀྱང་ད་ལྟའི་སྐབས་སུ་མེད་པས་ཨག་གསེ་ཟིན་པའི་སྐལ་བ་མེད་པ་འདྲ་དགོངས་པའི་སྐབས་སུ། སྒྲོ་རྒོད་མདའ་བཙན་གྱི་བསམ་པར། གེ་སར་རྒྱལ་བློན་རྣམས་རྒྱ་ཡུལ་ལ་འགྲོ་བར་མཁོ་བའི་གཡུ་དེ་ཨག་གསེའི་ལག་ཏུ་ཡོད་པས། ང་དང་ཨག་གསེ་མནའ་ཤག་ཡིན་ཡང༌། གེ་སར་རྒྱལ་པོས་འགྲོ་དོན་མཛད་པའི་སྐུ་ཆས་ལ་ཕན་པ་བྱུང་ན། དེ་ལོན་པའི་ཐབས་ཤིག་བྱེད་དགོས་སྙམ་སྟེ་ན་རེ། གླིང་རྗེ་གེ་སར་རྒྱལ་པོ་ལགས། ཨག་གསེ་འདི་ད་ལྟ་ཡོད་ཀྱང་ད་ལྟ་མེད། ནམ་མཁའི་འཇའ་དང་མཚུངས་པས་ཕྱག་ཏུ་ཚུད་རྒྱུ་དཀའ། ཨག་གསེ་འདི་ངན་སོང་དུ་མི་འགྲོ་བར་བདེ་འགྲོ་མཐོ་རིས་སུ་ཁྱེད་ཀྱིས་འདྲེན་ཐུབ་པའི་ཞལ་བཞེས་གནང་ན་ང་ལ་ཐབས་ཤིག་ཡོད། འབྲུག་མོ་འདིར་སླེབས་ཐབས་ཡོད་ན། ང་ཨག་གསེ་ལ་འཕྲད་དུ་སོང་ནས་འབྲུག་མོ་ཁོའི་ཚེ་རོགས་སུ་སྤྲོད་རྒྱུ་དང༌། དེའི་སྔ་རིན་ལ་གཡུ་རྒོད་ཁྲ་ཆེན་དེ་ལག་ཏུ་ཚུད་ཐབས་བྱེད། གཡུ་རྒོད་དེ་ལག་ཏུ་ཚུད་ན་ཁོ་ལག་ཏུ་ཚུད་པ་དང་ཁྱད་མེད་ཟེར་བ་ན། གེ་སར་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་དེ་ལྟར་བྱུང་ན་ཧ་ཅང་ལེགས། འབྲུག་མོ་ཞག་བདུན་གྱི་ནང་ཚུད་ལ་འདིར་སླེབས་པ་བྱེད་ཆོག་གསུངས།
དེ་ནས་སྒྲོ་རྒོད་མདའ་བཙན་གྱིས་དགྲ་ལྷ་རྩེ་རྒྱལ་སོགས་བློན་པོ་བདུན་ཁྲིད་དེ། གསེར་དངུལ་གཡུ་གསུམ། ཇ་དར་ཕྲུག་གསུམ་སོགས་གྱ་ནོམ་པ་ཁུར་ནས་ཨག་གསེའི་ཁྲ་མཁར་རྫོང་དྲུག་ལ་སླེབས་ཙ་ན། ཨག་གསེས་ཤག་པོ་སླེབས་པ་ཤེས་ཏེ། ཇ་འདྲེན་དང་ཆང་འདྲེན་སོགས་གསོལ་སྟོན་ལེགས་པར་བཤམས་ནས་ན་རེ། ཤག་པོ་སྒྲོ་རྒོད་མདའ་བཙན་ཁྱོད་ཀྱིས་མནའ་ཟས། ཁྲེལ་དང་ཉེས་པ་གཡུག་ནས་གེ་སར་ངན་པའི་སྣ་འདྲེན་བྱེད་སྙམ་པ་མིན་པར་ཤག་འཕྲད་ལ་ཡོང་པ་ཡིན་ན་ཤིན་ཏུ་ལེགས། འོན་ཀྱང་ཡིད་གཉིས་ཟ་བས་དེ་རིང་གེ་སར་གར་ཐལ་ཟེར་བ་ན། སྒྲོ་རྒོད་མདའ་བཙན་ན་རེ། འཇིག་རྟེན་མི་ལ་ཚེ་རོགས་དགོས། །ཚེ་རོགས་མེད་ན་སྟོང་འདུག་རེད། །ཟེར་བ་ལྟར་ད་རེས་གེ་སར་ནི་རྒྱ་ནག་ལ་ཕེབས་སོང་པས་སླར་བྱོན་རྒྱུ་ཨེ་ཡོད་མི་ཤེས། ཁྱེད་ཀྱི་གཡུ་རྒོད་ཁྲ་ཆེན་དེ་ཚ་བོ་དགྲ་ལྷ་རྩེ་རྒྱལ་ལ་ཕུལ་དང༌། སྐྱ་ལོའི་ཁྲོམ་ཤོག་འབྲུག་མོ་དེ་ཁྱོད་ཀྱི་ཚེ་རོགས་སུ་ཁྲིད་ཐུབ་པའི་ཐབས་ཡོད་པས་ཁྱེད་རང་འབྲུག་མོའི་སྐྲ་བདག་དང་ཚོ་དྲུག་གི་དཔོན་པོ་བྱེད་པའི་ཉི་མ་སླེབས་པར་གདའ། གལ་ཏེ་གེ་སར་སླར་སླེབས་ཀྱང་བློན་པོའི་ཚུལ་དུ་བཞག་ཀྱང་འགྲིག་ཟེར་ཙ་ན། ཨག་གསེ་ན་རེ། སྐྱ་ལོའི་ཁྲོམ་ཤོག་འབྲུག་མོ་བྱུང་ན་ཁྱོད་ཅི་ཟེར་བྱེད་ཆོག་ཟེར་ནས་གཡུ་རྒོད་ཁྲ་ཆེན་དེ་ཚ་བོ་དགྲ་ལྷ་རྩེ་རྒྱལ་གྱི་ཕྱག་ཏུ་ཕུལ་ཏེ། འབྲུག་མོ་འོང་བའི་ཞག་གྲངས་ཆུ་ཚོད་དང༌། གཟའ་སྐར་ཚེས་གྲངས་སོགས་བསྒྲིགས་ཏེ་གླིང་གི་བློན་པོ་རྣམས་གླིང་སྒར་དུ་ལོག གེ་སར་རྒྱལ་པོར་གནས་ཚུལ་རྣམས་ཞིབ་པར་ཞུས་པས། གེ་སར་རྒྱལ་པོའི་ཞལ་ནས་དེ་ལེགས་འདུག ཨག་གསེའི་རྩར་འགྲོ་བའི་ཚེས་གྲངས་སོགས་མ་འཆུག་པ་བྱེད་ནས་འགྲོ་དགོས། དེར་འགྲོ་སྐབས་ངའི་སྐུའི་སྤྲུལ་བ་འབྲུག་མོར་སྤྲུལ་ནས་འགྲོ། གསུང་གི་སྤྲུལ་པ་རྟ་རྫི་ལ་སྤྲུལ་ནས་འགྲོ། དེ་དུས་ཨག་གསེ་ལ་ལུས་ངོམས་རང་གཟུགས་སྟོན་གྱིས་དང༌། དེས་རང་གཟུགས་བསྟན་བྱུང་ན། ངས་འཕོ་བ་བཙན་ཐབས་སུ་སྤར་བ་ཡིན་གསུངས།
དེ་ནས་དུས་ཚེས་ལ་བབས་པ་ན་བློན་པོ་རྣམས་ཀྱིས་གླིང་ནས་འབྲུག་མོ་གདན་དྲངས་ཡོང་པའི་ཚུལ་བྱས་ཏེ། ཨག་གསེའི་མཁར་ལ་ཁྲི་གདུགས་ཉི་མའི་མདངས་ཕོག་པ་དང་མཉམ་དུ་སླེབས་པས། ཨག་གསེའི་བསུ་བ་རྒྱ་ཆེན་པོ་དང་བཅས་མཁར་ནང་དུ་གདན་དྲངས། གེ་སར་གསུང་གིས་སྤྲུལ་པ་རྟ་རྫི་མི་ངན་མདོག་ངན་དེ་གྲལ་མཐར་བསྡད། བློན་འཁོར་ཚང་མ་སྟོན་མོ་ཟབ་རྒྱས་ལ་རོལ། དེ་ནས་སྒྲོ་རྒོད་མདའ་བཙན་ན་རེ། ཨག་གསེ་གཡུ་རལ་རྒྱལ་པོ་ལགས། སྐྱེས་ཡག་ལ་གཟུགས་མཛེས་པ་ལྷའི་བུ་མོ་འདྲ་བའི་སྐྱ་ལོའི་ཁྲོམ་ཤོག་འབྲུག་མོ་འདི་དེ་རིང་ཁྱོད་ཀྱི་ཚེ་རོགས་སུ་སྤྲོད་རྒྱུ་ཡིན། དེས་ན་གླིང་གི་བློན་པོ་ཨ་ཞང་ཚོས་ཨག་གསེའི་གཡུ་རལ་དེ་མཇལ་འདོད་པས། ལུས་ཚུལ་ཇི་ལྟ་བ་དེ་ངོམས་དང༌། སྐྱ་ལོ་ཁྲོམ་ཤོག་འབྲུག་མོ་དེ་ཡང་དགའ་ཞིང་སྤྲོ་ལ་ཡིད་ཆེས་ནས་བཞུགས་སྤྲོ་བ་དང༌། ཁྲ་མོ་གླིང་གི་བློན་པོ་རྣམས་ཀྱང་བློ་བདེ་བ་ཞིག་འོང་པས་དེ་ལྟར་དགོས་ཟེར་པས། ཨག་གསེས་སྒྲོ་རྒོད་ཀྱིས་ཟེར་བ་ལྟར་དཀར་དམར་སྔོ་སེར་དུ་གྲུབ་པའི་རལ་བ་དེ་ཚུར་ངོམ་པ་ན། ཁྲོ་ཐུང་གིས་རྟ་རྫི་རྟ་འཚོ་རུ་སོང་ཟེར་བསམ་པ་ཁ་ནོར་ནས། ཇོ་རུ་རྟ་འཚོ་རུ་སོང་སྨྲས་པས། ཨག་གསེས། ཡ་ཁོ་རེ་སྒྲོ་རྒོད། ཁྱོད་ཤག་པོའི་མནའ་ཟ་ན་ཟེར་ནས་མགོ་བོ་སྟག་ལ་ལུས་མི་གཟུགས་སུ་སྤྲུལ་བྱུང་བ་ན། གེ་སར་གྱིས་རྟ་རྫིའི་སྤྲུལ་བ་བཤིག་ཁོམ་མ་བྱུང་པར་ཨག་གསེ་དང་དཔུང་འཛིང་བྱས་པས་ཨག་གསེ་ཡང་དངོས་མེད་ནམ་མཁའི་འཇའ་ཡལ་བ་བཞིན་དུ་སོང༌། དེར་གླིང་རྒྱལ་བློན་རྣམས་ཨག་གསེ་གར་སོང་མ་ཤེས་པར་བཞུགས་སྐབས་སུ་གེ་སར་རྒྱལ་པོར་མ་ནེ་ནེ་རྣམ་སྨིན་དཀར་པོས་ལུང་བསྟན་གྱི་གླུ་འདི་གསུངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་སྣ་བླ་མ་བཟང་པོས་སྐྱོངས། །ང་དང་ང་ངོ་མ་ཤེས་ན། །ཨ་ནེ་རྣམ་སྨིན་དཀར་མོ་ཡིན། །དེ་ནས་སེང་ཆེན་རྒྱལ་པོ་ལགས། །ཐུགས་མ་ཡེངས་ངང་ནས་ཚུར་ལ་གསོན། །ཉི་མ་སང་གི་དུས་ཚོད་ལ། །ཨག་གསེ་མཁར་ལ་གནས་པར་འདུག །ཉིན་མོ་མི་གནས་མཚན་ལ་གནས། །ལོ་ཟད་ཟླ་ཟད་ཉི་ཤུ་དགུ། །ཁོ་ཨག་གསེ་འདུལ་བའི་དུས་ལ་བབས། །ཨག་གསེ་གཡུ་རལ་རྒྱལ་པོ་དེའི། །མཁར་ལ་ལྕགས་རི་རིམ་དགུ་ཡོད། །ལྷ་དང་དགྲ་ལྷར་འབོད་པ་གྱིས། །ལྕགས་རི་ཕྱི་ནང་བར་གསུམ་ལ། །བློ་ཆེན་འདན་མས་གཙོ་བྱས་པས། །ཨག་གསེ་མི་ཤོར་སྲུང་དགོས་ཡོད། །སང་ཉིན་མ་བཏུལ་ཤོར་བ་ན། །དེ་ནས་ཐུབ་པའི་རེ་བ་མེད།།
ཅེས་ལུང་བསྟན་པས། གེ་སར་རྒྱལ་བློན་རྣམས་ཨག་གསེའི་ཁྲ་མཁར་རྫོང་དྲུག་ལ་ཁྲི་གདུགས་ཀྱི་གྲིབ་སོ་འཕྲད་པ་དང་སོང་སྟེ། ལྕགས་རི་རྣམས་བློན་པོ་ཚོས་བཀག གེ་སར་རྒྱལ་པོས་ལྷ་ཀླུ་གཉན་གསུམ་སྡོང་གྲོགས་ལ་བསྐུལ་པས། ལྷ་དམག་ཁ་བ་འབབ་འབབ། གཉན་དམག་བུ་ཡུག་འཚུབ་འཚུབ། ཀླུ་དམག་ཆུ་མིག་རྡོལ་རྡོལ། དགྲ་ལྷ་རྦབ་རྡོ་སྒྲིལ་སྒྲིལ་བྱས་ཏེ་ཨག་གསེའི་མཁར་ལ་རིམ་པར་བསྐོར།
དེ་ནས་སྐུ་རྗེ་གེ་སར་རྒྱལ་པོ་ཁོང་དངོས་མེད་ཚུལ་གྱིས་ཨག་གསེ་ཡོད་པའི་གནམ་སྒོ་ལ་བྱོན་ཏེ་ཨག་གསེས་ཅི་བྱེད་ཅི་ཟེར་ལ་གཟིགས་དུས། ཨག་གསེས་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་ལྷ་ཀླུ་གཉན་གསུམ་གྱི་དམག་ཚོགས་ཀྱིས་གང་ནས་འདུག་པ་མཐོང་པས། ཡིད་མ་རང༌། སེམས་མ་བདེ་ནས་འབྲོ་དགོས་བསམ་སྟེ་སྤྲུལ་བ་ཅི་བྱས་ཀྱང་གེ་སར་རྒྱལ་པོས་དེ་དང་དེ་ལ་སྤྲུལ་བ་མཐོང་ནས། འབྲོ་ས་གབ་ས་མ་རྙེད་ཙ་ན། སྐྱེས་ས་ཤི་ས་དུར་ས་གསུམ། །གཤིན་རྗེའི་ཁྲམ་ལ་གར་ཐེབས་ཡིན། །ཟེར་ནས་ཡ་ཁ་གནམ་ལ་ཐུག་པ། མ་ཁ་ས་ལ་ཐུག་པ། ལྕེ་བར་སྣང་ལ་གཡུག་པ། རྔ་མས་ས་བརྡུང༌། ངར་སྐད་རེ་རེས་ས་གཞི་ཡང་འདར་ཡོམ་ཡོམ་བྱེད་པའི་སྟག་ཅིག་ལ་སྤྲུལ་ཏེ་ལྕགས་རིའི་ནང་ལ་མཆོང་ཡོང་ཙ་ན། འདན་མས་སྟག་གི་ཀླད་ལྤགས་ནས་བཟུང་པ་དང༌། ཁྲོ་ཐུང་གིས་སྟག་གི་རྔ་མ་ལ་འཇུས་པས་སྟག་གིས་རྔ་མ་གཡུག་ཐེངས་གཅིག་གིས་ཁྲོ་ཐུང་ས་ལ་བརྡབ་སྟེ་ཇ་ཡུན་ཙམ་ལ་དྲན་མེད་དུ་བརྒྱལ། དེ་ནས་གེ་སར་རྒྱལ་པོ་ཕེབས་ཏེ། ཨག་གསེ་ཁྱོད་ད་རེས་བྲོས་བྲོས་གབ་གབ་བྱེད་ས་མེད། དེ་བས་ཁྱོད་ཀྱི་གཡུ་རལ་དེ་ནག་པོ་རྒྱ་ལ་མཁོ་བ་ཡིན་པས། ཁྱོད་རང་རྒྱ་ལ་ངོམ་ཏུ་འགྲོ་ན་ཕྱི་བློན་ལ་མི་བཞག བར་བློན་ལ་འཇོག དཔོན་གཡོག་མགོ་སྐེ་འབྲལ་མེད་བྱེད། ཤི་དམྱལ་བར་མི་གཏོང་ཁས་ལེན་བྱེད་གསུངས་པ་ན། ཨག་གསེ་ན་རེ། བླ་མ་སངས་རྒྱས་ཡིན་པ་ངོ་མ་ཤེས། གདམས་ངག་བདུད་རྩི་ཡིན་པའི་དོན་མ་ཤེས། མ་རིག་མ་ཤེས་ཅི་བྱུང་ཡང༌། གེ་སར་ཁྱེད་ཀྱི་མདུན་དུ་བཤགས། ང་ཁྱེད་ཀྱི་བར་བློན་ལ་བཞག་ན་འཇིག་རྟེན་ལ་གནོད་པ་འོང་བ་མ་གཏོགས་ཕན་ཐོགས་མི་ཡོང༌། ང་ཨག་གསེའི་ཡུལ་གྱི་འདྲེ་ཡིན་པས་བཞག་མི་ཉན། ད་ཁྱེད་རྒྱལ་བློན་རྣམས་ཨེན་ཙམ་གཞན་དུ་བཞུགས་དང༌། ང་ཡི་སྤྲུལ་པ་འདི་མིན་པ་ཞིག་བྱེད་དགོས་ཟེར་ནས་ཕོ་ལོ་བཅོ་བརྒྱད་ཅན་ཞིག་བྱས་ཏེ། རྒྱལ་བློན་རྣམས་ལ་སྟོན་མོ་ཕུན་སུམ་ཚོགས་པར་བྱས་ནས་གེ་སར་རྒྱལ་པོ་ལ་འདི་སྐད་ཞུས་སོ།། གླིང་རྗེ་གེ་སར་རྒྱལ་པོ་ལགས། ང་ཤི་དམྱལ་བར་མི་གཏོང་པར་འཕོ་བ་བཙན་ཐབས་ཀྱིས་དག་པའི་ཞིང་དུ་འདྲེན་པར་ཞུ། ངའི་དཀོར་མཛོད་བཅོ་བརྒྱད་ཀྱི་ནང་ལ་འཛམ་བུ་གླིང་གི་ནོར་ཟས་ཀྱི་བཅུད་ཚང་མ་ཡོད་པས། དེ་ནས་ཁྱེད་རྒྱ་ལ་མཁོ་བའི་རྫས་དང་ཡོ་བྱད་རྣམས་སྣོམས། དེ་མིན་རྒྱུ་ནོར་གང་ཡོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཞེངས་ནས་ཕྱི་རབས་ཀྱི་དད་རྟེན་དུ་ཞོག་ཟེར་རོ།།
དེ་ནས་གླིང་རྗེ་གེ་སར་རྒྱལ་པོས་ཨག་གསེའི་རྣམ་ཤེས་དག་པའི་ཞིང་དུ་སྤར། མཛོད་སྒོ་ཐམས་ཅད་ཕྱེ། རྒྱུ་ནོར་ཐམས་ཅད་བསྣམས་དེ་རྒྱལ་བློན་འཁོར་དང་བཅས་སྐྱིད་ལྷ་མཁར་ནོར་བུའི་ཕོ་བྲང་དུ་ཕེབས།
དེའི་སྐབས་སུ་སྐུ་རྗེ་སེང་ཆེན་རྒྱལ་པོའི་ཞལ་ནས། ཚོ་ཆེན་ལྷ་སྡེ་དཀར་པོ་ལགས། ད་རེས་ཨག་གསེའི་ཡུལ་ནས་གདན་དྲངས་པའི་ནོར་རྫས་རྣམས་ལས་རྒྱ་ལ་མཁོ་བའི་རྫས་རྣམས་མ་གཏོགས། དེ་མིན་རྒྱུ་རྫས་རྣམས་ཆུད་མ་ཟས་པར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་བྱས་ཏེ་ཨག་གསེ་རྒྱལ་པོའི་བཤགས་རྫོངས་དང་ཕྱི་རབས་ཀྱི་དད་རྟེན་དུ་འགྲོ་བ་བྱེད་དགོས། དེ་ནས་ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་ནག་པོ་རྒྱ་ལ་འགྲོ་བ་ཡིན་གསུངས་ཏེ་འདུ་ར་གྲོལ་ལོ།།
དེ་ནས་གླིང་རྒྱལ་བློན་རྣམས་རྒྱ་གླིང་གཉིས་ཀྱི་ས་མཚམས་བརྒལ་ཏེ་རྒྱ་ཡུལ་ན་བ་ཁྲ་ལེབ་ལ་སྒར་བབས་ཏེ། ལྷ་ཀླུ་གཞི་བདག་ལ་མཆོད་བསྟོད་དང་བསང་གསོལ་རྒྱ་ཆེར་བྱས་ཤིང༌། དཔོན་བློན་རྣམས་རྟ་རྒྱུགས་དང་མདའ་ཁ་དཔའ་རྩལ་ལ་སོགས་པ་མཛད་ནས་ཞག་ཉེར་གཅིག་གི་བར་དུ་རྒྱའི་སྣེ་ལེན་བསུ་བ་དང༌། ཇ་འདྲེན་བྱེད་མཁན་ལ་བསྒུགས་ཀྱང་ཅི་ཡང་མ་བྱུང་པས། གེ་སར་རྒྱལ་པོའི་ཞལ་ནས། ང་གེ་སར་རྒྱལ་པོ་རྒྱ་ནག་རྒྱལ་པོ་འདིས་གདན་འདྲེན་བྱས་པས། ངས་ལོ་ལམ་ཟླ་བ་དང༌། ཟླ་ལམ་ཞག་གིས་བཅད་ནས་ས་འདིར་སླེབས་ཀྱང་ཡོང་མཁན་སུ་ཡང་མི་འདུག་པས་སླར་ཁྲ་མོ་གླིང་ལ་ལོག་འགྲོ་བ་ལས་འོས་མི་འདུག་གསུངས་ཙ་ན། བློན་པོ་གཞན་རྣམས་ཀྱིས་ཡར་ཅི་ཡང་ཞུ་མ་ནུས་པར་ཁ་རོག་གེར་བསྡད་པས། མ་བཞི་དཔོན་པོ་ཁྲོ་རྒྱལ་དེས་དར་དཀར་པོ་ཡུག་གཅིག་ཕུལ་ཏེ་ན་རེ། གེ་སར་རྒྱལ་པོ་ལགས། ང་ཚོ་ཁྲ་མོ་གླིང་ནས་ཡོང་པའི་དུས། ཚོ་དྲུག་རྒན་གཞོན་ཡོངས་ཀྱིས་རྫོངས་པ་དང་སྐྱེལ་མ་འགྲན་ཟླ་མེད་པ་བྱས། ནག་པོ་རྒྱ་ཡི་ཁྲིམས་མགོ་གནོན་དུ་འགྲོ་བ་ཡིན་ཟེར་ནས་དར་འཕྱར། དུང་བུས་ཏེ་སྒང་པ་བོད་ལ་གྲགས་པ་ཞིག་བྱས་ནས་ཡོང་པ་ཡིན་པས། སླར་ལོག་ན་སྒང་པ་བོད་ཀྱིས་འཕྱ་སྨོད་བྱེད་པ་ཞིག་ལས་མི་འོང༌། དེ་བས་དོ་ནུབ་ཁྱེད་ལ་འགོ་བའི་ལྷ་དང༌། ཁྱད་པར་དུ་མ་ནེ་ནེའི་ལུང་བསྟན་ཅི་ཡོང་བལྟ་ཆོག་པ་དང༌། ངེད་རྣམས་ལའང་རྨི་ལྟས་ཅི་ཡོང་ལ་བལྟ་ཆོག་ཟེར་ནས་ཞུས་པ་ན། གེ་སར་གྱིས། ཨ་ཁུས་ཟེར་བ་བདེན་ཟེར་ནས་སོ་སོ་རང་མལ་དུ་གཟིམས་སོ།།
དེ་ནས་ཕྱི་ཉིན་ཞོགས་པ་ཉི་མ་ཤར་ཙམ་ལ་ཨ་ཁུ་ཁྲོ་ཐུང་གིས་དར་དཀར་པོ་ཞིག་གེ་སར་རྒྱལ་པོ་ལ་ཕུལ་ཏེ། མདང་ནུབ་རྨི་ལྟས་བྱུང་ཚུལ་གྱི་གླུ་འདི་ལྟར་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །གླིང་རྗེ་གེ་སར་རྒྱལ་པོ་ལགས། །དེ་རིང་ཁྲོ་ཐུང་གླུ་ལ་གསོན། །མདང་གསུམ་ཉལ་བའི་རྨི་ལམ་ལ། །ཡུལ་ངོ་མི་ཤེས་ས་ཕྱོགས་ལ། །ལུང་པ་དགུ་ཡི་སུམ་མདོ་ལ། །ཆུ་བོ་དགུ་ཡི་འདུས་མདོ་ལ། །ཟམ་པ་དགུ་ཡི་ཚུར་རོལ་ན། །མཁར་རིགས་མི་གཅིག་མཁར་དགུ་གདའ། །ལྕགས་རི་ཁུག་ཆེན་བཅོ་བརྒྱད་གདའ། །རྡོ་རྟེན་སྒམ་འདྲ་བའི་གོང་སྟེང་ལ། །ངེད་བློན་པོ་ཁྲོ་རྒྱལ་བསྡད་པ་རྨིས། །ཟམ་པ་དེ་ཡི་ཕར་ཁ་ནས། །བུད་མེད་བདུན་དང་ཐུག་པ་རྨིས། །གླུ་ཁ་མཚར་མང་པོ་བྱས་པ་རྨིས། །དཀར་པོ་དར་དང་ཇ་ཆང་སོགས། །ང་ཁྲོ་རྒྱལ་དཔོན་ལ་དྲངས་པ་རྨིས། །རྨི་ལམ་མི་ཞན་རྨི་བཟང༌།།
ཞེས་ཁྲོ་ཐུང་གིས་དེ་ལྟར་ཞུས་པ་དང༌། གེ་སར་རྒྱལ་པོའི་ཞལ་ནས། དེ་རྨི་ལམ་མ་རེད་མངོན་ཤེས་རེད། ཁྱེད་བློན་པོ་རྣམས་དང་ཤང་པའི་བུ་མོ་བཅས་ཀྱིས་རྨི་ལམ་དེའི་བཤད་བཀྲོལ་ཤེས་མཁན་ཨེ་ཡོད་གསུངས། དེར་བློན་པོ་རྣམས་ཅི་མི་ཟེར་པར་བསྡད་པས། ཤང་པའི་བུ་མོས། འཛམ་གླིང་སེང་ཆེན་རྒྱལ་པོ་ལགས། ཁྱེད་སྐུ་ཆེ་བ་རི་རྒྱལ་ལྷུན་པོ་ལ། ཐུགས་ཆུང་ཆུང་ཡུངས་འབྲུ་ཙམ། མ་བཞི་ཁྲོ་རྒྱལ་འདིའི་ཟེར་བ་ལ་ཅི་ཆ་ཡོད། འདིས་བརྒྱ་ཟེར་སྟོང་ཟེར་ཡང་བདེན་ཟེར་བ་ཉིན་མོའི་སྐར་མ་དང་འདྲ་བས་དེའི་རྨི་ལམ་གྱི་བཤད་བཀྲོལ་མི་ཤེས་ཞུས་སོ།།
དེར་ཁྲོ་ཐུང་གི་མཚང་ལ་ཕོག་སྟེ་ཁོང་ཁྲོ་ལངས་ཏེ། ངས་ཟེར་བ་མི་བདེན་ཟེར་ན། ང་རང་གིས་རྨིས་པའི་རྨི་ལམ་ང་རང་ངོས་འཛིན་པ་ལ་འགྲོ་བ་ཡིན་ཟེར་ནས་རྟ་ཀུ་ཀུ་རོག་ཙོག་དེ་བཞོན་ནས་ཐལ་རྡུལ་འཚུབ་བེར་སོང་ངོ༌།། དེ་ནས་ཁྲོ་ཐུང་རྒྱ་ཆུ་དགུ་འདུས་པའི་ཟམ་ཁར་སླེབས་ཏེ། རྡོ་ཕ་བོང་ཞིག་གི་སྟེང་དུ་འབོལ་གདན་བཏིངས་ནས་དེའི་སྟེང་དུ་འགྱིང་འདུག་ཅིག་བྱས། རྟ་ཡི་གློ་ཐག་གློད། ལག་སྒྲོག་བརྒྱབ་ནས་བསྡད་ཙ་ན། ཆུའི་ཕ་རོལ་ནས་རྒྱ་ཡི་བུ་མོ་སྤུན་བདུན་གྱིས་ན་བ་ཁྲ་ལེབ་ཀྱི་སྒར་དང་ཁྲོ་ཐུང་མཐོང་སྟེ། དེ་རིང་ཆུ་དགུ་འདུས་པའི་ཟམ་ཁ་ན་མི་ཕོ་གཞན་དང་མི་འདྲ་བ་ཞིག་འདུག་པས། གླིང་གེ་སར་རྒྱལ་པོ་བྱོན་པ་འདྲ་བསམ་ནས་སྐད་ཆ་དྲི་བར་ཡོང་སྟེ་ཟམ་པའི་ཕ་རོལ་ནས་རྒྱ་ཡི་བུ་མོ་ཀླུ་མོ་འཚོ་ན་རེ། ཆུ་ཕ་རིའི་མི་ཕོ་དར་འཕྲུ་ཅན། །ཁྱོད་ས་ཆ་གང་གི་ཕྱོགས་ནས་ཡོང༌། །ད་གང་གི་ཕྱོགས་ལ་འགྲོ་བསམ་ཡོད། །རྒྱ་ཁྲིམས་ཀྱི་མུན་པ་འཁྲིགས་དུས་འདིར། །ས་འདི་ལ་ཡོང་ལེ་མ་ལོ་གདའ། །ཟེར་ནས་གླུ་འདི་བླངས་སོ།།
ཤར་རྒྱ་ནག་རི་བོ་རྩེ་ལྔ་ནས། །སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་མཁྱེན། །ང་བུ་མོའི་གླུ་སྣ་སྐྱོང་རོགས་མཛོད། །གླུ་འདི་གླུ་ངོ་མ་ཤེས་ན། །རྒྱ་གླུ་དལ་བ་རིང་མོ་ཡིན། །ས་འདི་ས་ངོ་མ་ཤེས་ན། །ནག་པོ་རྒྱ་ཡི་ས་ཆ་ཡིན། །ང་དང་ང་ངོ་མ་ཤེས་ན། །རྒྱ་ཁྲིམས་ཐར་བུ་མོ་སྤུན་བདུན་ལས། །ཆུང་བ་ཁ་མཚར་ཀླུ་འཚོ་ཟེར། །ཁྱོད་འདི་ན་འོང་ལེ་མ་ལོ་གདའ། །ཁྱོད་སྲོག་ཡོད་ཡིན་ན་འབྲོ་རྒྱུ་བྱོས། །སྲོག་མེད་ཡིན་ན་འདུག་རྒྱུ་བྱོས། །ན་ནིང་སྔོན་གྱི་གཞེ་ནིང་ལོར། །བཙུན་མོ་ཉི་མ་ཁྲི་སྐྱིད་དེ། །མ་དབང་སྐུ་ཚེ་བར་ཆད་བྱུང༌། །དེ་བྱུང་ཉིན་དང་ཚུན་ཆོད་ནས། །རྒྱལ་པོ་མྱ་ངན་མ་སངས་ཡོད། །རྒྱ་ཁྲིམས་མུན་པ་འཁྲིགས་ནས་ཡོད། །གནམ་ལ་བྱ་རྒྱ་བཙུགས་ནས་ཡོད། །ས་ལ་བྱི་རྒྱ་བཙུགས་ནས་ཡོད། །བར་ལ་རླུང་རྒྱ་བཙུགས་ནས་ཡོད། །ཆུ་ལ་ཉ་རྒྱ་བཙུགས་ནས་ཡོད། །རླུང་བསེར་བུ་ཡིན་ཡང་ཐར་ས་མེད། །ཁྱོད་མ་འདུག་ལ་མོར་འབྲོ་རྒྱུ་གྱིས། །རྒྱ་ཁྲིམས་དཔོན་རྣམས་ཀྱིས་མཐོང་བ་ན། །ཁྲིམས་ཆད་པའི་གནས་ནས་ཐར་ཐབས་མེད། །ཁྱོད་མ་འདུག་ལ་མོར་སོང་དང་དགའ། །རྒྱ་སྟོད་ན་བ་ཁྲ་ལེབ་འདི། །རྒྱལ་པོའི་མེ་ཏོག་ལྡུམ་ར་ཡིན། །རྒྱ་བློན་རྣམས་ཀྱི་མདའ་ར་ཡིན། །རྩྭ་རྩི་ཏོག་མེ་ཏོག་བཀྲ་ནས་ཡོད། །ཆབ་ཆུ་བོ་བཞུར་སྒྲ་ཤགས་སེ་ཡོད། །རྒྱ་ཡར་འགྲོ་འགྲོ་སྡོད་མི་ཆོག་དུས། །ཁྱོད་ཕྱོགས་ཡོང་སྒར་བཏབ་ཅི་འདྲ་ཡིན། །ཉི་མ་དེ་རིང་གདོང་གང་ལ། །རྩྭ་ལ་རྩྭ་རིན་དགོས་ལེ་ཡིན། །ཆུ་ལ་ཆུ་རིན་དགོས་ལེ་ཡིན། །ཟེར་བར་ཁྲོ་ཐུང་གིས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །ཁམས་གསུམ་ཁ་ལོ་ཆོས་ལ་སྒྱུར། །ང་དང་ང་ངོ་མ་ཤེས་ན། །འཛམ་གླིང་གེ་སར་རྒྱལ་པོ་དེས། །ང་ལ་ཨ་ཁུ་ཁྲོ་ཐུང་ཟེར། །ཆོས་བློན་རྣམས་ཀྱི་དྭངས་རྩེ་ཡིན། །ཆུ་ཕ་རིའི་བུ་མོ་སྣང་མཐོ་མ། །ཚུར་ཉོན་དང་འདྲ་མ་འདི་འདྲ་ཡོད། །རྒྱ་སྟོད་ན་བ་ཁྲ་ལེབ་ལ། །སྒར་བཏབ་པ་གེ་སར་དཔོན་བློན་ཡིན། །རྒྱ་ནག་པོ་ཆོས་ལ་སྒྱུར་མཁན་ཡིན། །ན་ནིང་སྔོན་གྱི་གཞེ་ནིང་ལོར། །རྒྱ་རྒྱལ་ཀ་ར་གུར་མགོན་གྱིས། །བཙུན་མོ་མ་དབང་འདས་གྲོངས་སོང༌། །རྒྱལ་པོའི་མྱ་ངན་བསལ་བ་དང༌། །བཙུན་མོའི་གདུང་དེ་བཞུ་བ་དང༌། །རྒྱ་ནག་པོའི་ཁྲིམས་སྒོ་ཕྱེ་བ་ལ། །གླིང་གེ་སར་ལ་མོར་བྱོན་དགོས་ཟེར། །རྒྱ་ཡིག་པོ་ཏི་སེར་པོ་དེ། །རྒྱ་བྱ་གསུམ་ལ་བསྐུར་ནས་བྱུང༌། །དུས་དེ་རིང་གེ་སར་ཕེབས་ནས་ཡོད། །སྣེ་ལེན་དང་ཕེབས་བསུ་ལ་མོར་གྱིས། །ང་རྗེ་བོས་མངགས་པའི་ཕོ་ཉ་ཡིན། །ཇ་འདྲེན་དང་ཆང་ཞུས་དགོས་ལེ་ཡིན། །གོམ་གསུམ་སྤོས་པའི་ཚེགས་གླ་དགོས། །ཚིག་གསུམ་གཏམ་པའི་ལྕེ་དར་དགོས།།
ཟེར་ནས་གླུ་དེ་བླངས་པ་དང༌། རྒྱའི་བུ་མོ་རྣམས་ན་རེ། རྒྱ་ཡི་རྒྱལ་པོའི་མྱ་ངན་བསལ་བ་དང༌། བཙུན་མོའི་གདུང་བཞུ་བ། མུན་པ་ནག་པོའི་ཁྲིམས་སྒོ་ཕྱེ་བར་གེ་སར་གདན་འདྲེན་གྱི་ཡི་གེ་སྐུར་མཁན་ངེད་བུ་མོ་རྣམས་ཡིན། དེ་སྔོན་རྒྱའི་རྒྱལ་པོས་དེ་ལུགས་མཁྱེན་མེད་ཀྱང་ད་ངེད་རྣམས་ཀྱིས་རྒྱུ་མཚན་ཞུས་ནས་ཁྱེད་གེ་སར་དཔོན་བློན་རྣམས་ལ་ཕེབས་བསུ་དང༌། ཇ་འདྲེན་ཆང་ཞུ་བྱེད་དུ་འོང་ཟེར་ནས་རྒྱའི་བུ་མོ་རྣམས་རྒྱ་རྗེའི་ཕོ་བྲང་དུ་སོང་སྟེ་སྲས་མོ་ཝ་ཨ་ཀུན་འཚོས་དར་དཀར་པོ་ཞིག་རྒྱལ་པོར་མཇལ་དར་དུ་ཕུལ་ཙ་ན། རྒྱལ་པོས། ཁྱེད་བུ་མོ་རྣམས་ད་བར་གར་སོང་གསུངས་པ་དང༌། ཀུན་འཚོ་ན་རེ། རྒྱ་ཡི་ན་བ་ཁྲ་ལེབ་ན་སྒར་པ་བསམ་གྱིས་མི་ཁྱབ་པ་ཞིག་འདུག་པས། ཆུ་དགུ་འདུས་པའི་ཟམ་ཁ་ན་གླིང་གེ་སར་རྒྱལ་པོའི་ཁུ་བོ་མ་བཞི་དཔོན་པོ་ཁྲོ་རྒྱལ་ཡིན་ཟེར་བ་ཞིག་འདུག་པར་སྐད་ཅ་དྲི་བར་སོང་པ་ཡིན། དེར་ཁྲོ་ཐུང་གིས་གེ་སར་རྒྱལ་པོར་མ་ནེ་ནེའི་ལུང་བསྟན་ལ་ཁྱེད་རྒྱལ་པོའི་མྱ་ངན་སེལ། རྒྱ་མུན་པ་ནག་པོའི་ཁྲིམས་སྒོ་ཕྱེ་དགོས་པའི་ལུང་བསྟན་བྱུང་ནས་ཕེབས་པས་སྣེ་ལེན་ཕེབས་བསུ་ལ་ཡོང་དགོས་ཟེར་འདུག་ཅེས་ཞུས་པས། རྒྱལ་པོའི་ཞལ་ནས། འཛམ་གླིང་སྐྱེས་བུ་དོན་གྲུབ་དེ། ཆོས་སངས་རྒྱས་བསྟན་པ་འཛིན་པའི་རྒྱལ་པོ། ཕྱི་མ་འདྲེན་པའི་བླ་མ་དངོས་ཡིན་ཀྱང༌། ངས་གདན་འདྲེན་མ་ཞུས་པར་ག་ལ་ཕེབས་སྲིད། བོད་ལ་གཡོ་སྒྱུ་དང་མིག་འཁྲུལ་མཁན་འགའ་རེ་ཡོད་པས་དེ་ཚོའི་གཡོ་འཕྲུལ་ཡིན་སྲིད་པས། དེ་ཅི་ཡིན་བརྟག་པར་རྒྱ་འདྲེ་རྣམས་བཏང་ནས་བལྟ་དགོས་ཟེར་ནས་རྒྱ་འདྲེ་རྣམས་བཏང༌། དེར་ཁྲོ་ཐུང་གི་བསམ་པར་ད་རྒྱའི་ཇ་འདྲེན་ཆང་ཞུ་བྱེད་མཁན་ཡོང་བ་ཡོད་པས། དེ་རིང་ངས་བྱེས་དོན་གྲུབ་པས་དཔོན་བློན་རྣམས་ཀྱི་མདུན་དུ་ངོ་སོ་དགུང་ལས་མཐོ་བ་ཞིག་འོང་བར་གདའ་བསམ་ནས་བསྡད་ཙ་ན། རྒྱ་འདྲེ་རྣམས་ཁ་གདངས། མཆེ་བ་གཙིགས། ཁ་རླངས་ཀྱིས་མུན་པ་འཁྲིགས་ནས་སླེབས་པས། ཁྲོ་ཐུང་སྒྱིད་པ་འདར། ངོ་མདངས་འགྱུར། ཞེད་སྣང་གིས་བླ་ཁྱེར་བ་ལྟར་བྱས་ནས་རྟ་ཀུ་ཀུ་རོག་ཙོག་ལ་བཞོན་ནས་སྒར་ཕྱོགས་སུ་ཕྱི་ལྟས་ཙམ་ཡང་བྱེད་མ་ཕོད་པར་བྲོས་སོང་ངོ༌།།
སྐབས་དེར་བློན་པོ་ཕྱིང་སྔོན་གྱིས། ཁྲོ་ཐུང་གི་བྲོས་ལུགས་ལ་བལྟས་ན་རྒྱབ་ནས་འདེད་མཁན་ཞིག་ཡོད་པ་ཐག་ཆོད་ཟེར། ཁྲོ་ཐུང་སྒར་ནང་སླེབས་ཙམ་ལ་རྒྱ་འདྲེ་རྣམས་སྒར་ཐོག་ལ་ཤོར་ཡོང་པས། གེ་སར་གྱིས་འདན་མ་དང་བུ་ཆུང་གཉིས་ལ་རྒྱ་ལ་དགོས་པའི་རྫས་དུག་སྦྲུལ་ཟེར་རེ་མགོ་འཇམ་དེ་རྒྱ་འདྲེའི་ཕྱོགས་སུ་སྟོན་དང་རྒྱ་འདྲེ་རྣམས་སླར་ལོག་འགྲོ་བ་ཡིན་གསུངས་པ་ལྟར་བྱས་པས་ལོག་སོང་ངོ༌།། སླར་ཡང་རྒྱ་ཁྱི་དང༌། རྒྱ་བྱ། དུག་སྦྲུལ་རྣམས་བཏང༌། དེ་རྣམས་ཀྱང་ཙན་དན་སྦྲུལ་སྙིང་དང༌། མི་ཉག་སྦ་མོ་ཚིགས་གསུམ། ཐན་གླ་བ་རོག་པའི་སྙིང་ཚིལ་སོགས་རྒྱ་ལ་མཁོ་བའི་རྫས་རྣམས་བེད་སྤྱད་པས་ཁྱི་བྱ་རྣམས་སླར་ལོག དུག་སྦྲུལ་རྣམས་ཤི་བས། དེར་གེ་སར་རྒྱལ་པོས། དུག་སྦྲུལ་འདི་རྣམས་ཤི་འདུག་པས། ཞེ་སྡང་སྦྲུལ་ལས་སྡིག་པ་ཆེ་བ་མེད་པས་ད་འགྲོ་དོན་འོང་བ་ལྟ་ཞོག་སྡིག་པོ་ཆེ་ཞིག་ལས་མི་འོང་འདུག་ཟེར་ནས་སྤྱན་ཆབ་བསིལ་བཞིན་བཞུགས་པའི་སྐབས་སུ། སློབ་དཔོན་པདྨ་འབྱུང་གནས་ནམ་མཁའ་ཆོས་ཉིད་ཀྱི་ཕོ་བྲང་ནས་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་ཉི་ཟླ་ལ་རྡུལ་འཁྲིགས་པ་ལྟར་བྱས་ནས་གསུངས་པ། འཛམ་གླིང་གེ་སར་རྒྱལ་པོ་ལགས། །ཐུགས་མ་ཡེངས་ང་ལ་ཡར་གསོན་དང༌། །ང་ཨོ་རྒྱན་པདྨ་འབྱུང་གནས་ཡིན། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། །གེ་སར་ཁྱོད་ཀྱི་གྲོགས་ལ་འོང༌། །ཁྱོད་སྔ་དྲོ་གསོད་པའི་ཤན་པ་ཡིན། །ཕྱི་དྲོ་འདྲེན་པའི་བླ་མ་ཡིན། །དུག་སྦྲུལ་མང་པོ་ཤི་བ་དེ། །དེ་འདྲའི་གཟུགས་བརྙན་མང་པོ་བྲིས། །དུག་སྦྲུལ་རྣམ་ཤེས་དེ་ལ་ཁུགས། །སྦྲུལ་གཟུགས་ཡེ་ཤེས་མེ་ལ་སྲེགས། །དུག་སྦྲུལ་ཐར་པའི་ཞིང་དུ་དྲོངས། །དེ་ནས་ཁྱེད་ལ་ཉེས་སྒྲིབ་མེད། །ཅེས་གསུངས་པས། གེ་སར་རྒྱལ་པོས་དེ་ལྟར་མཛད་དོ།།
དེ་ནས་གེ་སར་གྱི་ཞལ་ནས། གཞན་ཡིན་ན་བསུ་བ་དང་སྣེ་ལེན་སོགས་ཡོང་ཚོད་ཡིན་ཡང་དེ་འདྲ་མི་བྱེད་འདུག ད་ཅི་བྱས་ཀྱང་ད་ལྟའི་སྐབས་སུ་རྒྱ་ནག་པོ་ཆོས་ལ་འཛུད་པའི་འགྲོ་དོན་མི་འོང་འདྲ་གསུངས་པའི་སྐབས་སུ། མི་ཆུང་ཁ་བདེས་འདི་ལྟར་ཞུས་སོ།། འཛམ་གླིང་གེ་སར་རྒྱལ་པོ་ལགས། ཁྱེད་དེ་འདྲའི་ཐུགས་ཆུང་མི་དགོས། འདི་ལྟར་སླར་གླིང་ལ་ལོག་ཕྱིན་ན་སྒང་པ་བོད་ཀྱིས་འཕྱ་བའི་ཡུལ་ལས་མེད། ཁྱེད་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་སྡོང་གྲོགས་སྤྲིན་ཚོགས་འཁྲིགས་པ་ལྟ་བུ་ཡོད་པས། གལ་ཆེ་བའི་དུས་སུ་ལུང་བསྟན་ཞིག་མི་འོང་མི་སྲིད་པས་ཞག་ཁ་ཤས་བཞུགས་དང༌། ངེད་དཔལ་ཐུལ་རྣམས་ཀྱིས་ཀྱང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་རྨི་ལམ་འདྲ་ཨེ་ཡོང་བལྟ་ཞུས་པས། གེ་སར་གྱིས། ཁྱོད་མི་ཆུང་ཤེས་རིག་བཀྲ་བས་དེ་ཡང་བདེན་ཟེར་རོ།།
དེའི་མཚན་དེར་དཔོན་བློན་གཞན་རྣམས་ལ་རྨི་ལྟས་ཅི་ཡང་མ་བྱུང་ཡང་ཞོགས་པ་མི་ཆུང་ཁ་བདེས་གདོང་འཛུམ་དམུལ་ལེ་དར་དཀར་པོ་ཞིག་ལག་ཏུ་བཟུང་སྟེ། ཁྱེད་དཔོན་བློན་རྣམས་ལ་རྨི་ལྟས་མ་བྱུང་པ་འདྲ། ང་མི་ཆུང་ལ་རྨི་ལམ་འདི་ལྟར་བྱུང་ཟེར་ནས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ང་མདང་གསུམ་འཁྲུལ་བའི་སྣང་བ་ལ། །ཁྱེད་གེ་སར་རྒྱལ་པོའི་གུར་སྒོ་ལ། །ཁྲི་གདུགས་ཉི་མ་ཤར་བ་རྨིས། །ནག་པོ་རྒྱ་ཡི་ས་ཆ་ལ། །ཉི་མ་གླིང་བཞི་བསྐོར་བ་རྨིས། །ཉི་ཟེར་གླིང་ལ་འཁོར་པ་རྨིས། །དེ་ནས་མི་ཆུང་ང་རང་ནི། །བོང་བུའི་རྒྱབ་ལ་བཞོན་པ་རྨིས། །མགོ་ལ་རྩྭ་ཞྭ་གྱོན་པ་རྨིས། །རྐང་ལ་རྩྭ་ལྷམ་གྱོན་པ་རྨིས། །ཆུ་དགུ་འདུས་པའི་ཟམ་ཁ་ལ། །བུད་མེད་བདུན་དང་ཐུག་པ་རྨིས། །གླུ་དང་ཁ་མཚར་བཀྱེ་བ་རྨིས། །རྨི་ལམ་རྨི་ལུགས་འདི་འདྲ་གདའ། །མངོན་ཤེས་ཡིན་ན་ཐིག་པར་ཤོག །རྨི་ལམ་ཡིན་ན་མ་ཐིག་ཤོག །གླུ་འཁྲུལ་པ་སོང་ན་མཐོལ་ལོ་བཤགས། །ངག་འཁྲུལ་པ་སོང་ན་བཟོད་པར་གསོལ། །ཁྱེད་རྒྱལ་བློན་ཐུགས་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་བླངས་པས། གེ་སར་རྒྱལ་པོ་ཐུགས་རབ་ཏུ་དགྱེས་ཏེ། འོ་ན་མི་ཆུང་གི་དེ་རང་བཞིན་གྱི་རྨི་ལམ་ཞིག་མིན་པས། ཁྱེད་བློན་པོ་རྣམས་དང་ཤང་པའི་བུ་མོ་བཅས་ནས་བཤད་བཀྲོལ་ཤེས་པ་ཡོད་ན་སྨྲོས་ཤིག ཅེས་གསུངས་ཙ་ན། ཤང་པའི་བུ་མོས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ང་དང་ང་ངོ་མ་ཤེས་ན། །བྱ་ཤང་པའི་བུ་མོ་མོད་སྒྲོན་ཡིན། །ཚུར་གསོན་དང་གེ་སར་རྒྱལ་པོ་ལགས། །མདང་གསུམ་མི་ཆུང་རྨི་ལམ་དེ། །རྨི་ལམ་མི་འདྲ་མངོན་ཤེས་འདྲ། །གླིང་གེ་སར་རྒྱལ་པོའི་གུར་སྒོ་ན། །ཁྲི་གདུགས་ཉི་མ་ཤར་ལེ་དེ། །ཁྱེད་གེ་སར་ཁྲི་གདུགས་ཉི་མ་འདྲ། །ནག་པོ་རྒྱ་ཡི་ས་ཆ་ནས། །ཁྲི་གདུགས་ཀྱིས་གླིང་བཞི་བསྐོར་ལེ་རེད། །རྒྱ་མུན་ནག་ཆོས་ལ་བསྒྱུར་རྟགས་རེད། །ཉི་ཟེར་གླིང་ལ་འཁོར་ལེ་དེ། །རང་དཔོན་པོ་གླིང་ལ་འཁོར་བའི་རྟགས། །བོད་ཕྲུག་མི་ཆུང་ཁ་བདེ་དེ། །བོང་བུའི་རྒྱབ་ལ་བཞོན་པ་དང༌། །རྐང་ལ་རྩྭ་ལྷམ་གྱོན་པ་སོགས། །གཞི་བདག་ལྷ་ཀླུས་སྐྱོབས་ལེ་རེད། །ཆུ་དགུ་འདུས་པའི་ཟམ་པ་དེ། །རྒྱ་ཆུ་དགུ་འདུས་པའི་ཟམ་པ་རེད། །བུད་མེད་བདུན་དང་ཐུག་ལེ་དེ། །རྒྱ་ཁྲིམས་ཐར་བུ་མོ་སྤུན་བདུན་རེད། །གླུ་ཁ་མཚར་གཏམ་ཁ་བཀྱེ་ལེ་དེ། །རྒྱ་གླིང་གི་འདུན་མ་འོང་རྟགས་རེད། །རྨི་ལམ་མ་རེད་མངོན་ཤེས་རེད། །ཁྱེད་གེ་སར་ཐུགས་ལ་དེ་ལྟར་ཞོག།
ཅེས་རྨི་ལམ་བཤད་བཀྲོལ་གྱི་གླུ་དེ་ལྟར་ཕུལ་ལོ།། དེ་ལ་གེ་སར་རྒྱལ་པོས། ཤང་པའི་བུ་མོས་ཟེར་བ་ལྟར་བདེན་པར་འདུག་པས། ཁྱོད་མི་ཆུང་མངགས་ལེ་མིན་ཏེ་རྒྱ་ནག་པོའི་ཡུལ་ལ་འགྲོ་བའི་དུས་ལ་བབས། ཞེས་གསུངས་པས། མི་ཆུང་རྨི་ལྟས་ལྟར་རྒྱ་ཆུ་དགུ་འདུས་པའི་ཟམ་ཁར་སོང་ངོ༌།།
དེ་ནས་མི་ཆུང་ཆུ་དགུ་འདུས་པའི་ཟམ་ཁར་ཡོང་པ། ཁྲིམས་ཐར་བུ་མོ་སྤུན་བདུན་གྱིས་མཐོང་སྟེ་སུ་ཡིན་ནམ་སྙམ་ནས་བལྟ་བར་ཡོང་ནས། དཔོན་ཆེན་བུ་མོ་གཡུང་དྲུང་མཚོ་ཟུར་དུ་བུད་ནས་ན་རེ། ཆུ་ཕ་རིར་ཡོད་པའི་མི་ཕོ་ཁྱོད། ས་འདི་ལ་ཡོང་དོན་ཅི་འདྲ་ཡིན་ཟེར་བར་མི་ཆུང་གིས་བསམ་པར། རྒྱ་མོ་འདི་ཚོས་སྔར་ཁྲོ་ཐུང་ལ་གནོད་པ་བྱས་པ་ལྟར་ང་ལའང་བྱེད་འོང་སྙམ་སྟེ་གླུ་འདི་བླངས་པར་གདའ་འོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ཚུར་ཉོན་དང་རྒྱ་མོ་སྤུན་བདུན་རྣམས། །ཕོ་ང་དང་ང་ངོ་མ་ཤེས་ན། །བོད་ཕྲུག་མི་ཆུང་ཁ་བདེ་ཡིན། །ཨ་རོགས་རྒྱ་མོ་ལོ་བརྒྱ་ཚོ། །ཚུར་ཚུར་མ་ཡོང་ཕར་ལ་སོང༌། །ཨ་ཅེ་རྒྱ་མོའི་བཙོག་ལུགས་ལ།། རྒྱ་མོ་ར་མགོ་རེའུ་སུག་མ། །ར་ཚང་ནང་ནས་འོང་བ་འདྲ། །ར་དྲིས་ནམ་མཁའ་གང་ནས་བྱུང༌། །རྒྱ་མོ་མི་མགོ་ཁྱི་སུག་མ། །ཁྱི་ཚང་ནང་ནས་འོང་བ་འདྲ། །ཁྱི་དྲིས་ས་གཞི་ཁྱབ་ནས་བྱུང༌། །རྒྱ་མོའི་མིང་གི་སྡུག་ལུགས་ལ། །མི་མིང་མ་རེད་ཁྱི་མིང་རེད། །ཁྱི་རྒྱལ་ལིར་འདྲ་བས་རྒྱ་མོ་ཟེར། །རྒྱ་རྒྱལ་ཀ་ར་གུར་མགོན་དེས། །བཙུན་མོའི་རོ་རུལ་རུམ་པ་དེ། །རྒྱ་ནག་པོ་མོ་ཟད་ཁུར་བ་འདྲ། །མོ་ཟད་རྩ་བ་རོ་ལ་ཐུག །དེ་རུམ་ནས་གསོན་གོ་མི་ཆོད་དོ། །ཁྲིམས་བཙན་པོས་རྒྱལ་ཁམས་མནན་པ་དེ། །རང་ཕུང་བྱེད་པའི་གཞི་མ་རེད། །རྒྱ་ཁྲིམས་ཁ་བཙན་ཡང་སྐྲག་དོན་མེད།།
ཟེར་ནས་གླུ་དེ་ལྟར་བླངས་པས། རྒྱ་མོ་རྣམས་ཀྱི་ནང་ནས་ཚོང་དཔོན་བུ་མོ་དར་ལུ་སྐྱིད་ཀྱིས། ཡ་ཁོ་རེ་མི་ཕོ་ཁེར་རྐྱང་ཁྱོད། ཚུར་གསོན་དང་གནས་ལུགས་འདི་འདྲ་ཡོད་ཟེར་ནས་གླུ་འདི་བླངས་སོ།།
ཤར་རྒྱ་ནག་རི་བོ་རྩེ་ལྔ་ནས། །སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་མཁྱེན། །བུ་མོའི་གླུ་སྣ་སྐྱོང་རོགས་མཛོད། །མོ་ང་དང་ང་ངོ་མ་ཤེས་ན། །རྒྱ་ནག་པོའི་ཚོང་ར་བར་མ་ནས། །ཚོང་དཔོན་བུ་མོ་དར་སྐྱིད་ཡིན། །ཁྱོད་དེ་རིང་ང་ཡི་གླུ་ལ་ཉོན། །མི་ངན་གླེན་པ་ཚིག་སྟོབས་ཆེ། །ཁྱི་ངན་ཤོར་ན་རྒྱུགས་སྙིང་ཆེ། །མི་ངན་ཚིག་ལ་ཅི་ཡང་འབྱུང༌། །ཁྱི་ངན་ཟུག་སྐད་ལུང་པ་གང༌། །ཁྱོད་མི་ངན་ཡོང་བ་གང་ནས་ཡོང༌། །འདི་ལ་ཡོང་དོན་ཅི་འདྲ་ཡིན། །ཁྱོད་ཆ་ལུགས་གླིང་དང་མི་འདྲ་འདུག །བཤད་ལུགས་གླིང་དང་མི་མཚུངས་འདུག །ཁ་ཕོ་རྒྱ་ལ་སྒྲོག་སྟངས་ལ། །ཁྱོད་བསོད་ཟད་ཆག་སྒོའི་སྣ་འདྲེན་རེད། །ཁྱོད་དྲིས་པའི་གཏམ་ལན་མ་དྲང་ན། །རྒྱ་ནག་པོའི་ཁྲིམས་ལ་གཏུགས་ལེ་ཡིན།།
ཟེར་ནས་གླུ་དེ་བླངས་པས། ཡང་མི་ཆུང་གིས། ཚུར་གསོན་དང་བུ་མོ་སྤུན་བདུན་རྣམས། །ངའི་ཆ་ལུགས་གླིང་དང་འདྲ་ལེ་མིན། །ང་ཡུལ་ཁམས་བཅོ་བརྒྱད་འགྲིམ་མྱོང་ཡོད། །ཆ་ལུགས་བཅོ་བརྒྱད་སྤྲས་ནས་ཡོད། །བཤད་ལུགས་གླིང་དང་འདྲ་ལེ་མིན། །སྐད་རིགས་བཅོ་བརྒྱད་ཤེས་ལེ་ཡིན། །བྱ་ངང་པ་བྱང་ལ་འོང་ལེ་དེ། །མཚོ་མེ་ལོང་ཙམ་ལ་བལྟས་ནས་འོང༌། །ང་མི་ཆུང་འདི་ལ་ཡོང་བ་དེ། །རྒྱ་ནག་པོའི་ཁྲིམས་སྒོ་ཡངས་སོ་ཟེར། །ཁྱོད་རྒྱ་མོའི་གླུ་སྒོ་ཡངས་སོ་ཟེར། །དེ་ཟེར་བས་འདི་ལ་ཡོང་ལེ་ཡིན། །ངའི་རྒྱབ་ལ་ཡུང་མངར་སྒྱེ་གང་ཡོད། །ཁྱོད་རྒྱ་མོས་ཉོ་ན་བཙོང་རྒྱུ་ཡིན། །ཨེ་ཉོ་མི་ཉོ་རང་མོས་གྱིས།།
ཞེས་གླུ་དེ་བླངས་པས། དེར་རྒྱ་མོ་རྣམས་ཀྱིས། མི་ཆུང་གི་ཡུང་མངར་ཟེར་བ་དེ་ཟ་མ་མྱོང་པས། ཟས་དེ་ཅི་འདྲ་འདུག་ཅིག་བལྟ་དགོས་འདུག་ཟེར་ནས་ཉོ་རྒྱུ་གྲོས་འཆམ་སྟེ། སྲས་མོ་ཝ་ཨ་ཀུན་མཚོ་ན་རེ། བོད་ཕྲུག་མི་ཆུང་ཁ་བདེ་ལགས། རྟ་མགྱོགས་ཞན་དེ་རྒྱུགས་ནས་ལྟ། ཕོ་རྒོད་ཞན་དེ་གཏམ་གྱིས་ལྟ། མཚོན་རྣོ་ཞན་དེ་སོ་ལ་ལྟ། སྔོན་ལ་ཡུང་མངར་ཞིག་བྱིན་དང་ཟེར་པར། མི་ཆུང་ན་རེ། ཡུང་མངར་འདི་སུ་ལ་ཡང་སྟེར་རྒྱུ་མེད། འོན་ཀྱང༌། ཁྱེད་རྒྱ་མོ་རྣམས་སྐད་འབྲེལ་བའི་ངོ་ཤེས་ཡིན་པས་སྟེར་བ་ཡིན་ཟེར་ནས་རེ་རེ་བྱིན་པ་དང༌། རྒྱ་མོ་རྣམས་ཀྱིས་ཟས་པས། དེ་ནས་རྒྱ་མོ་རྣམས་ལུས་མ་བདེ། མགོ་ཡོམ་འཁོར། སྐྱུག་མེར་ལངས། དྲི་ངན་ཤོར། སེམས་འཁྲུལ་ནས་ཅ་ཅོ་སྣ་ཚོགས་སྨྲ་བ་ཞིག་བྱུང་བས། དེར་སྲས་མོ་ཝ་ཨ་ཀུན་མཚོ་ན་རེ། གྲོགས་མོ་ཚོ། ངེད་རྣམས་ལ་མི་ཆུང་གིས་བྱིན་པའི་ཡུང་མངར་དེ་སྐྱོན་ཅན་ཞིག་ནི་གདའ་བས། ཁྱེད་ཁ་མཚར་གླུ་མོ་མཚོས་ཁོས་ཅི་ཟེར་ཉམས་སད་ཀྱི་གླུ་ལེན་ཞིག་གྱིས་ཟེར་པས། ཁ་མཚར་གླུ་མོ་མཚོས་གླུ་འདི་ལྟར་བླངས་སོ།།
ཚུར་ཉོན་དང་བོད་ཕྲུག་ཁ་བདེ་ཁྱོད། །ང་དང་ང་ངོ་མ་ཤེས་ན། །རྒྱ་ནག་པོའི་བུ་མོ་སྤུན་བདུན་ལས། །ཆུང་བ་ཁ་མཚར་གླུ་མཚོ་ཡིན། །གླུ་ཁ་ཤགས་རང་དབང་ཐོབ་ལེ་ཡིན། །ཁྱོད་ཆག་སྒོ་ཅན་གྱི་མི་ཞིག་གདའ། །གཏམ་ལ་རྫུན་ཞིག་ཡོད་ལེ་གདའ། །ཟས་ལ་དུག་ཅིག་ཡོད་ལེ་གདའ། །ཁ་སོར་གསུམ་གྱོད་ཀྱི་སྒོ་མོ་ཡིན། །ཕྱེ་བ་སླ་སྟེ་རྒྱག་པ་དཀའ། །ལྕེ་ལེབ་ཆེན་གྱོད་ཀྱི་གཞི་མ་ཡིན། །རྐྱོང་བ་སླ་སྟེ་བསྐུམ་པ་དཀའ། །ཁྱོད་མི་གསར་གཏམ་འདོད་བྱེད་མི་རེད། །རྟ་གསར་རྒྱུགས་འདོད་བྱེད་ལེ་རེད། །ཁྱོད་དེ་འདྲའི་མཁས་པ་ཡོད་ན་ནི། །སྲིད་པ་ཆགས་པའི་ཕ་དེ་ཤོད། །སྲིད་པ་ཆགས་པའི་མ་དེ་ཤོད། །བོད་དབུ་ནག་ཆགས་པའི་གཞི་མ་ཤོད། །དེ་ཤེས་ན་མཁས་པའི་གྲལ་ལ་འཇོག །དེ་མ་ཤེས་ཉི་མ་རྩ་གཅིག་ནས། །རྒྱ་སྟོད་ན་བ་ཁྲ་ལེབ་ཀྱི། །སྒར་དེ་ལ་ཅི་ཡོད་ང་ལ་དགོས།།
ཞེས་གླུ་དེ་བླངས་པ་ན། མི་ཆུང་ན་རེ། སྔ་གཏམ་གོང་མ་གཙོ་ཆེ། ཕྱི་གཏམ་འོག་མ་བརླིང་དགོས། ཁྱོད་རྒྱ་མོས་ཟེར་བ་ལྟར་བྱས་ཆོག་སྟེ། སྒར་འདི་ལ་ཅི་ཡོད་ངས་སྟེར་ཐག་མི་ཆོད། དེ་མིན་གུར་མང་པོ་དེ་ལ་སྐྱིད་སྡུག་བལྟས་ཆོག་ཟེར་ཏེ་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ཚུར་གསོན་དང་བུ་མོ་གླུ་མོ་མཚོ། །ཁྱོད་སྣང་བ་དེ་ཡི་མཐོ་ལུགས་ལ། །ལོང་བའི་བུ་མོ་ཡིན་པ་འདྲ། །དེ་མིན་རྒྱ་མོ་རྣམ་པ་ཚོའི། །བྱ་སྤྱོད་དེ་ཡི་ངན་ལུགས་ལ། །ཇག་རྐུན་བུ་མོ་ཡིན་པ་འདྲ། །ཟ་མ་མོ་ཡི་ལོ་རྒྱུས་དེ། །བཤད་ན་མི་མཛེས་བཞག་ན་མཛེས། །ཨ་ཙི་མི་ཞུ་ཀུ་རེ་ཡིན། །གཏམ་ཀུ་རེ་མེད་ན་ལྐུག་གཏམ་ཡིན། །ཟས་མཆོད་ཁ་མེད་ན་ཁྱི་ལྟོ་ཡིན། །སྲིད་པ་ཆགས་པའི་ཆགས་ལུགས་དེ། །ཁྱོད་ཀྱིས་མི་ཤེས་ང་ཡིས་ཤེས། །སྲིད་པ་ཡས་དང་ཡས་ནས་ཆགས། །སྲིད་པ་མས་དང་མས་ནས་ཆགས། །སྲིད་པ་ཆགས་པའི་ཕ་ཡང་ཡོད། །སྲིད་པ་ཆགས་པའི་མ་ཡང་ཡོད། །ཕུ་ཡས་ན་བྱ་ཞིག་བྱུང་ལེ་དེས། །སྒོ་ང་དྲུག་གསུམ་བཅོ་བརྒྱད་བཞག །སྒོང་དྲུག་བར་མ་མི་ལ་ཆད། །དེ་ཡི་ཆགས་ཚུལ་ཅི་འདྲ་རེད། །དོན་དེ་ཡི་འགྲེལ་བཤད་མ་ཤེས་ན། །དོན་ཆེན་པོ་ང་ལ་ཤོར་ནས་ཐལ།།
ཞེས་གླུ་དེ་ལྟར་བླངས་ནས། རྒྱའི་བུ་མོ་རྣམས་དང་ཕན་ཚུན་གླུ་ལེན་ཤགས་འགྱེད་མང་དུ་བྱས་མཐར། མི་ཆུང་གིས་གེ་སར་རྒྱལ་པོར་རྒྱ་ཡི་ཡི་གེ་དང༌། མ་ནེ་ནེས་ལུང་བསྟན་བྱུང་བ་ལྟར་རྒྱ་ཡུལ་ལ་འོང་སྟེ། རྒྱ་སྟོད་ན་བ་ཁྲ་ལེབ་ལ་སླེབས་ནས་ཉིན་གྲངས་མང་དུ་ཕྱིན་ཀྱང་རྒྱའི་བསུ་མ་སྣེ་ལེན་ཅི་ཡང་མ་ཡོང་པའི་གནས་ཚུལ་ཞིབ་པར་བཤད་པ་ན། སྲས་མོ་ཝ་ཨ་ཀུན་མཚོས་ཁྱེད་ཀྱིས་ཟེར་བ་བདེན་ཡང༌། ང་ཚོ་མྱུར་དུ་ཡབ་རྒྱལ་པོའི་མདུན་དུ་སོང་ནས་གེ་སར་རྒྱལ་པོ་བྱོན་འདུག་པ་སྙན་ཞུ་བྱེད་པ་ལས་དྲི་བ་དྲིས་ལན་མི་ཁོམ། དེ་ནས་ཅི་དགོས་བྱེད་འོས་ཟེར་ནས་བུ་མོ་རྣམས་སོང༌། མི་ཆུང་ཡང་སླར་སྒར་དུ་ལོག་སྟེ། གེ་སར་རྒྱལ་པོའི་སྐུ་མདུན་ལ་སོང་པ་དང༌། གའུའི་ནང་ནས་དར་ཞིག་ཕུལ་ནས་ཅི་བྱུང་གི་གནས་ཚུལ་རྣམས་ཞིབ་ཏུ་ཞུས་སོ།།
དེ་ནས་རྒྱ་མོ་རྣམས་རྒྱ་རྗེའི་མདུན་དུ་སོང་ནས་སྲས་མོས་རྒྱལ་པོ་ལ་ཞལ་ལག་དྲངས་པ་ན། རྒྱལ་པོས། ཁྱོད་ད་བར་གང་དུ་སོང༌། ཟས་ཟ་བའི་དུས་ཚོད་ཀྱང་ཡོལ་འདུག ནག་མོའི་ལོང་གཏམ་ལ་སྐྱ་མིའི་ཉིན་ལམ་བཤོལ་ཟེར་བ་བདེན་པར་འདུག་གསུངས་པ་ན། སྲས་མོ་ན་རེ། ཡབ་ཆེན་ལགས། ད་ནངས་མཁར་སྟེང་ནས་བལྟས་དུས། ཆུ་དགུ་འདུས་པའི་ཟམ་པ་ལ་མི་གཅིག་འདུག་པ་མཐོང་པས། དེ་སུ་ཡིན་བལྟ་བར་སོང་སྟེ་ངེད་བུ་མོ་རྣམས་ཀྱིས་གླུ་ལེན་དང་དྲི་བ་མང་པོ་བྱས་ཙ་ན། རྒྱ་སྟོད་ན་བ་ཁྲ་ལེབ་ལ་ཡོད་པའི་སྒར་པ་དེ་ནི་གེ་སར་རྒྱལ་པོ་ནག་པོ་རྒྱ་ལ་ཕེབས་པའི་སྒར་ཡིན་འདུག་པས། མྱུར་དུ་ཕེབས་བསུ་དང་ཇ་འདྲེན་ལ་སོགས་ཡོང་དགོས། གལ་ཏེ་མགྲོན་བསུར་མི་ཡོང་ན་རྒྱལ་བློན་རྣམས་གླིང་ལ་ལོག་འགྲོ་བ་ཡིན་ཟེར་འདུག་ཞུས་པས། རྒྱ་རྒྱལ་ན་རེ། སྲིད་པ་ས་ཆགས་པ་ནས་ང་གནམ་བསྐོས་རྒྱལ་པོ་ལས་ལྷག་པ་ལྟ་ཞོག ང་དང་མཉམ་པ་ཞིག་ཀྱང་ས་སྟེང་ལ་ཡོད་པ་ག་ལ་སྲིད། དེ་བས་ང་བསུ་བ་ལ་འགྲོ་བབས་མེད། ངས་གེ་སར་རྒྱ་ལ་གདན་འདྲེན་ནི་ཞུས་མེད། ཁོ་རང་སྣང་གིས་འོང་བར་བསུ་བར་འགྲོ་མི་དགོས་གསུངས།
དེ་ནས་རྒྱལ་པོས་མི་ཐོས་པའི་ས་ནས་བུ་མོ་རྣམས་གྲོས་བྱས་པས། གེ་སར་དཔོན་བློན་ས་ཐག་རིང་པོ་འདི་ལ་ཕེབས་གྲུབ་ནས་བསུ་བ་དང་ཇ་འདྲེན་མ་བྱས་པར་འདི་མུར་བཞག་ན་མི་རུང༌། ཞུ་ཡིག་ཕུལ་བ་དགའ་ཟེར་བ་ན། ཚང་མ་དེར་འཐད་པ་བྱུང་སྟེ་མཚན་མོ་མར་མེའི་འོད་ལ་བརྟེན་ཏེ། གེ་སར་རྒྱལ་པོ་ལགས། སྔོན་གྱི་ཡི་གེ་དེ་ཡབ་རྒྱལ་པོའི་ལྐོག་ནས་ངེད་བུ་མོ་རྣམས་ནས་ཕུལ་བ་ཡིན། ཁྱེད་ཐུགས་ངལ་མ་མཛད་པར་འདིར་ཕེབས་པར་འཚལ། ངེད་ཀྱི་ཡབ་རྒྱལ་པོས་གསུངས་པ་ལ། གེ་སར་རྒྱལ་པོ་དང་ངེད་གཉིས་སྔོན་གྱི་ལས་སྨོན་ཡོད་པས་བསུ་བར་འགྲོ་མི་དགོས་འདིར་ཕེབས་ཡོང་གསུངས། ཁྱེད་ཀྱིས་བློན་པོ་ཤེས་རིག་ལྡན་པ་ཞིག་ལ་རྒྱལ་པོར་མཇལ་རྟེན་ཁྱད་དུ་འཕགས་པ་ཞིག་བསྐུར་ཏེ་ཐོངས་ཤོག་ཟེར་ནས་ཞུ་ཡིག་བསྐུར་རོ།།
དེ་ནས་རྒྱ་བྱ་རྣམས་ཀྱིས་ཡི་གེ་གེ་སར་རྒྱལ་པོའི་བཞུགས་སྒར་དུ་ཁྱེར་སྟེ་མི་ཆུང་གི་གུར་རྩར་བབས། མི་ཆུང་གིས་བྱ་མགུལ་ནས་ཡི་གེ་བླངས་ཏེ་གེ་སར་རྒྱལ་པོར་ཕུལ་པས། ཐུགས་རབ་ཏུ་མཉེས་ཏེ་ཡི་གེའི་འབྲུ་དོན་ལྟར་ག་དར་བློན་པོ་ཕྱིང་སྔོན་གཙོས་བློན་པོ་བཞི་ལ་ནོར་བུ་ཕ་རོལ་དཔུང་འཇོམས་བསྐུར་ཏེ་རྒྱ་རྗེའི་མདུན་དུ་བཏང༌། དེར་བློན་པོ་རྣམས་ཡོང་བ་ཁ་མཚར་གླུ་མོ་མཚོས་མཐོང་སྟེ་རྒྱ་རྗེའི་སྙན་དུ་གསོལ་བས། རྒྱ་རྒྱལ་གྱི་ཞལ་ནས། བུ་མོ་རྣམས་ཀྱིས་བཤད་པ་ལྟར་གླིང་རྗེ་གེ་སར་རྒྱལ་པོ་ན་བ་ཁྲ་ལེབ་ལ་ཕེབས་ནས་ཡུན་རིང་སོང་བ་འདྲ། ཁོང་གི་བློན་པོ་རྣམས་ང་ལ་མཇལ་དུ་ཡོང་བ་ལ་བསུ་བ་བྱེད་དུ་ཁྱོད་བློན་པོ་ཧ་ཤ་རྔམ་པ་སོང་གསུངས།
དེ་ནས་བློན་པོ་ཧ་ཤ་རྔམ་པ་འཁོར་དང་བཅས་པས་གླིང་བློན་རྣམས་ལ་བསུ་བ་དང་སྣེ་ལེན་སོགས་བྱས། དེར་གླིང་བློན་རྣམས་ནས་རྒྱ་རྗེ་ལ་ནོར་བུ་དང་དར་ཟབ་སོགས་མཇལ་རྟེན་རྣམས་རྒྱ་བློན་ཧ་ཤ་རྔམ་པ་ལ་བསྐུར་ཏེ་གེ་སར་རྒྱལ་པོ་རྒྱ་ལ་ཡོང་དོན་རྣམས་ཞིབ་པར་ཞུས། བློན་པོ་ཧ་ཤ་རྔམ་པས་དེ་ལུགས་རྒྱ་རྗེའི་སྙན་དུ་གསོལ་བ་ན། རྒྱ་རྗེའི་ཞལ་ནས། དེ་ན་འདིའི་ཚེས་པ་བཅོ་ལྔ་ལ། གེ་སར་རྒྱལ་བློན་རྣམས་རྒྱ་ནག་པོའི་འདུ་ར་གོང་མ་ལ་གདན་འདྲེན་ཞུ་བ་མ་གཏོགས། ཕོ་བྲང་དུ་གདན་འདྲེན་ཞུས་ན་བཙུན་མོའི་གདུང་ལ་བར་ཆད་འདྲ་མི་འོང་ངེས་པ་མེད་པས། དེ་ལུགས་གྲབས་བཤོམ་བྱོས་གསུངས་པས། རྒྱ་བློན་ཧ་ཤ་རྔམ་པས་གླིང་བློན་རྣམས་ལ་ཚེས་བཅོ་ལྔ་ལ། གེ་སར་དཔོན་བློན་རྒྱ་ནག་པོའི་འདུ་ར་གོང་མ་ལ་བྱོན་པར་ཞུ་ཞུས་ཏེ་གླིང་བློན་རྣམས་སླར་སྒར་དུ་ལོག་གོ།
དེ་ནས་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་གྱི་ཉི་རྩེ་རྒྱ་སྟོད་ན་བ་ཁྲ་ལེབ་ཀྱི་གླིང་སྒར་ལ་ཕོག་སྐབས། འཛམ་གླི་གེ་སར་རྒྱལ་པོ་དེ་པབྱབྱི་ཏའི་ཆ་ལུགས་སུ་བྱས་ཏེ། གདུགས་དང་རྒྱལ་མཚན། བ་དན། རོལ་མོ་དང་བཅས་ཏེ་རྒྱའི་ཕོ་བྲང་གི་ཕྱོགས་སུ་ཕེབས་པ་ན། རྒྱའི་ཕོ་བྲང་ནས་རྒྱ་བློན་ཧ་ཤ་རྔམ་པས་གཙོས་རྒྱ་བློན་རྣམས་ཀྱིས་བསུ་བ་དང་སྣེ་ལེན་འགྲན་ཟླ་དང་བྲལ་བ་བྱས་ཏེ་རྒྱ་ཡི་འདུ་ར་གོང་མ་ལ་གདན་དྲངས་སོ།།
དེ་ནས་རྒྱ་ནག་གི་རྒྱལ་པོས། གླིང་རྗེ་གེ་སར་རྒྱལ་པོ་ལགས། ཁྱེད་བོད་ས་ཐག་རིང་པོ་ནས་བྱོན་པས་ཐུགས་ངལ་དང་སྙུན་མི་མངའ་བར་བདེ་བར་ཕེབས་པ་ཤིན་ཏུ་ལེགས་ཟེར་ཞིང་རང་རང་གི་བཞུགས་ཁྲིར་འཁོད་དེ་བཟའ་བཏུང་ལོངས་སྤྱོད་ཀྱི་དཔལ་ལ་རོལ་ཏོ།།
དེ་ནས་རྒྱ་རྗེའི་ཞལ་ནས། ཁྱེད་འཛམ་གླིང་སེང་ཆེན་རྒྱལ་པོ་འཁྲུལ་མེད་ཡིན་ན་རྩལ་གྲུབ་རྟགས་ལ་རང་དབང་ཐོབ་ཡོད་པས། སང་ཉིན་ཚེས་པ་བཅུ་དྲུག་ལ་ང་ཡི་མངའ་འོག་གི་རྒྱ་ཞིང་ཆེན་བཅོ་བརྒྱད་རྣམས་བསྡུས་ནས་དཔོན་བློན་རྣམས་དང་བཅས་གྲུབ་རྟགས་འགྲན་ཟེར་པར། གེ་སར་གྱིས། ཁྱེད་རྒྱ་རྗེས་ཇི་ལྟར་ཟེར་བ་ལྟར་བྱེད་ཆོག་གསུངས།
ཉི་མ་དེའི་ཕྱི་ཉིན། རྒྱ་ཡི་ཁྲིམས་དུང་སྐད་པོ་ཆེ་དེ་སྐོར་འབུད། ཁྲིམས་རྔ་པོ་ཆེ་དེ་དྲག་རྡུང༌། ཁྲིམས་དར་ལེབ་ཆེན་དེ་དགུང་ལ་འཕྱར་ཏེ་རྒྱ་ཞིང་ཆེན་བཅོ་བརྒྱད་ཀྱི་མངའ་རིས་རྣམས་འདུ་དགོས་པའི་བརྡ་བྱས་པས། སྐྱ་མི་སེར་རྒོད་འབབ་འབབ། རྐང་ཐང་ལ་ཐག་ཆད་ཆད་བྱས་ནས་རྒྱའི་འདུ་ར་གོང་མ་ལ་ཁྲ་ཆིལ་ལེར་འདུས་པའི་དབུས་སུ། རྒྱ་རྗེ་གསེར་ཁྲི་ལ་བཞུགས། གེ་སར་དངུལ་ཁྲི་ལ་བཞུགས། གཡོན་གཡས་ཀྱི་སྟག་གདན་དང་གཟིག་གདན་ལ་རྒྱ་བློན་དང་གླིང་བློན་རྣམས་བཞུགས་སོ།། ཚོགས་ཆེན་དབུས་སུ་ཆོས་ཀྱི་རྩོད་པ་དང་རྫུ་འཕྲུལ་འགྲན་པས་བོད་ཀྱི་བླ་མ་རྒྱལ།
དེ་ནས་ཡང་རྒྱ་རྗེའི་ཞལ་ནས། ད་ང་རང་ཚོས་མིག་འཁྲུལ་འགྲན་དགོས་ཟེར་བ་ན། གེ་སར་གྱིས་དེ་ཡང་འགྲན་ཆོག་གསུངས། ཉི་མ་དེའི་ཕྱི་ཉིན་རྒྱ་ཡི་མིག་འཕྲུལ་མཁན་བརྒྱ་ཕྲག་མང་པོ་འཛོམས་པ་ན། རྒྱལ་པོ་གཉིས་ཀྱི་གཙོས་འདུ་རའི་དབུས་སུ་མ་བཞི་དཔོན་པོ་ཁྲོ་ཐུང་རྒྱལ་པོ་དེས། གོས་ཆེན་ནག་པོའི་གོས་ཞིག་གྱོན། ཆུ་བལ་ནག་པོའི་ལྷམ་ཞིག་གྱོན། སྤྲིན་བལ་ནག་པོའི་ལ་ཐོད་བཅིང༌། ཨག་ཚོམ་ནག་པོར་བྱིལ་བྱིལ་བྱེད་བཞིན་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ལྷ་བླ་མ་ཡི་དམ་མཁའ་འགྲོ་ལ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །གླུ་འདི་གླུ་ངོ་མ་ཤེས་ན། །ཁྲོ་ཐུང་གི་སྟག་མོ་ངར་གླུ་ཡིན། །ང་དང་ང་ངོ་མ་ཤེས་ན། །མ་བཞི་དཔོན་པོ་ཁྲོ་ཐུང་ཡིན། །རྒྱ་ཞིང་ཆེན་བཅོ་བརྒྱད་མིག་འཁྲུལ་མཁན། །དུས་དེ་རིང་ཁྲོ་ཐུང་ང་ལ་ལྟོས། །རྒྱ་གླིང་གཉིས་ཀྱི་རྒྱལ་པོ་ལགས། །སྤྱན་མ་ཡེངས་ཁྲོ་ཐུང་ང་ལ་གཟིགས། །ང་ཁྲོ་ཐུང་སྤྲུལ་པ་རང་ཙམ་ལ། །མིག་འཁྲུལ་རྣམ་པ་སྣ་ཚོགས་ཡོད། །དེ་རིང་ཉིན་མོའི་དུས་ཚོད་ལ། །རྒྱ་ནག་པོའི་ཡུལ་གྱིས་མཐོང་ལེ་གཅིག །སྒང་པ་བོད་ལ་གྲགས་ལེ་གཉིས། །ངས་ཨ་ལོང་ནང་ནས་ཨ་འགྱུར་བྱེད། །ཡོབ་ཆེན་ནང་ནས་ཡོབ་འགྱུར་བྱེད། །ཁྲི་སོའི་ཁ་ནས་རྟ་རྒྱུགས་བྱེད། །མདོང་མོའི་རྩེ་ནས་བྲོ་གཅིག་བརྡུང༌། །ལག་མཐུལ་ནང་ནས་ཡོས་ཞིག་བརྔོ༌། །མཆན་ཁུང་ནང་ནས་ཆང་ཞིག་བཙོ། །མེ་ཆུ་རྫས་གསུམ་མི་དགོས་ལེ། །འཕྲུལ་འདི་འདྲ་ངོམ་དང་ངོ་མཚར་ཆེ།།
ཞེས་གླུ་དེ་བླངས་པ་དང༌། ཁྲོ་ཐུང་གིས་མིག་འཁྲུལ་ངོ་མཚར་བསམ་བརྗོད་ལས་འདས་པ་རྣམས་བྱས་པས་རྒྱལ་ཁ་ཐོབ་བོ།། དེར་རྒྱ་རྗེས། ད་ཆོས་དང་མིག་འཁྲུལ་གྱི་རྒྱལ་ཁ་ཐོབ་ཀྱང༌། སང་ཉིན་སྐྱེ་ཡག་གི་འགྲན་བསྡུར་བྱེད་དགོས་ཟེར་བ་ན། གེ་སར་རྒྱལ་པོས་ཁྱོད་རྒྱལ་པོས་གསུངས་ལྟར་བྱེད་ཆོག་གསུངས།
ཉི་མ་དེའི་ཕྱི་ཉིན་རྒྱ་ཡུལ་གྱི་སྐྱེ་ཡག་རྣམས་འདུ་ར་ལ་འཛོམས་པ་དང༌། བློན་པོ་སྐྱེ་ཡག་ཉི་མ་རང་ཤར་དེའི་ཞལ་ངོ་ཚེས་ཆེན་བཅོ་ལྔའི་དུང་ཟླ་འདྲ་བ། སོ་སེན་ཐམས་ཅད་དུང་ལས་གྲུབ་པ། གཟུགས་གཞིས་དགྲ་བཞི་ནོན་པ། མ་བུ་མོས་མཐོང་ན་ཡིད་སེམས་ཤོར་བ། ཕོ་དར་མས་མཐོང་ན་ཡིད་སྨོན་སྐྱེ་བ་དེ་རྒྱ་ཡི་འདུ་ར་བར་མ་ནས་ཕར་འགྲོ་ཚུར་འགྲོ་བྱས་པ་ན། དགུང་སྔོན་དཀྱིལ་ནས་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང༌། རྒྱ་ཡི་སྐྱེ་ཡག་རྣམས་ནི་སྲིན་འབུ་མེ་ཁྱེར་ལྟ་བུའམ། སྤྲེའུའི་གདོང་ལྟར་གྱུར་ཏེ་མགོ་སྒུར་ནས་བསྡད་ཙ་ན། རྒྱ་རྗེའི་ཐུགས་ལ། ཉམས་རེ་མཚར། གེ་སར་ལ་འདི་འདྲ་མེད་ན་ཅི་འདྲ་ཡོད། ཁོང་གི་བློན་པོ་རྣམས་གང་གི་ཐད་ནས་ཀྱང་འདྲ་ཡ་མི་འདུག་བསམས། དེ་ནས་ཡང་རྒྱ་རྗེས། ད་སང་ཉིན་ནས་རྟ་སུ་མགྱོགས་ཀྱི་ལྟད་མོ་ལྟ་རྒྱུ་བྱེད་ཟེར་བ་ན། གེ་སར་གྱིས་དེ་ལྟར་བྱེད་ཆོག་གསུངས།
ཉི་མ་དེའི་ཕྱི་ཉིན་རྒྱ་ཞིང་ཆེན་བཅོ་བརྒྱད་ལས་མགྱོགས་པ་རྟ་ཡི་རྒྱལ་པོ་ཟེ་ར་འཕུར་ཤེས་ཟེར་བ་འདུ་ར་ལ་ཁྲིད་འོང་བ་དང༌། གླིང་བློན་རྣམས་ཀྱིས་ཨ་དཔལ་གཡུ་བྱ་རྟེའུ་སྔོན་ཁྲིད་དེ་ཡོང༌། དེར་གེ་སར་གྱིས། དེ་རིང་རྟ་རྒྱུགས་པར་རི་བོ་རྩེ་ལྔའི་གཤམ་ལ་སྐོར་བ་བྱས་ནས་རྒྱུགས་ཏེ། སང་ཐོ་རེངས་ཕོ་བྲང་ལ་ཉི་རྩེ་ཕོག་པ་དང་འཁོར་བ་དགོས་གསུངས་སོ།། དེ་ནས་རྒྱ་རྟ་ཟེ་ར་འཕུར་ཤེས་དེ་རྒྱ་བློན་ཁྲི་ཤོག་རྔམ་པས་ཆིབས། གཡུ་བྱ་རྟེའུ་སྔོན་དེ་ཨ་དཔལ་གྱིས་ཆིབས་ཏེ་རྒྱུགས་སོང་པས། ཨ་དཔལ་མི་རྟ་གཉིས་ཕྱི་ཉིན་རི་རྩེ་ལ་ཉི་ཟེར་ཕོག་ཙམ་ལ་རྒྱ་ཡི་འདུ་ར་ལ་འཁོར། རྒྱ་བློན་མི་རྟ་གཉིས་ཉི་དྲོས་ཙམ་ལ་མ་གཏོགས་མ་འཁོར་པས། མགྱོགས་པའི་རྒྱལ་ཁ་དེ་གཡུ་བྱའི་རྟེའུ་སྔོན་གྱིས་ལོན་ནོ།། དེ་ནས་རྒྱ་གླིང་གཉིས་ཤེད་འགྲན་བྱས་པས་འབྲུ་དགའ་བདེས་རྒྱལ་ཁ་བླངས། ཤྭོ་འགྲན་བྱས་པས་ཤང་པའི་བུ་མོ་མོད་སྒྲོན་གྱིས་རྒྱལ་ཁ་བླངས། མདའ་འགྲན་བྱས་པས་ཚ་ཞང་འདན་མས་རྒྱལ་ཁ་བླངས་པས། ཡང་རྒྱ་རྗེས། དེ་རིང་ཉི་མ་ཕན་ཆོད་ལ་གླིང་གི་བློན་པོ་རྣམས་ཀྱིས་རྒྱལ་ཁ་ལོན་ཀྱང༌། སང་ནས་ཕོ་འཕྱོར་པོའི་སྐྱེ་གཟུགས་འགྲན་ན་ཉམས་མཚར་ཟེར་བ་ན། གེ་སར་གྱིས། ཁྱེད་ནག་པོ་རྒྱ་ཡི་ཞིང་ཁམས་ཆེན་པོ་ལ་འཕྱོར་པོ་ལོས་ཡོད། དེ་དང་མི་འདྲ་ངེད་རྣམས་ལ་མི་མང་པོ་མེད་རུང་ཁྱོད་རྒྱལ་པོས་གསུངས་པ་ལྟར་བྱེད་ཆོག་གསུངས་སོ།།
དེའི་ཕྱི་ཉིན་རྒྱ་ཡུལ་ཆེན་པོ་ནས་འཕྱོར་པོ་ཀླུ་ལྟ་བུ། མཚར་པོ་ལྷ་ལྟ་བུ་མང་པོ་འཛོམས་བྱུང་པ་ན། གླིང་གི་ཨ་བར་བུའི་དཔལ་འབྱོར་དེས་ཨག་གསེའི་གཡུ་རལ་གྱི་གསོབ་དེ་ལུས་ལ་གྱོན། དུང་གི་སྣམ་བུ་སྲུབ་མེད། བྱུ་རུའི་གཟན་ཤམ་བཅོ་བརྒྱད། འཇའི་ལྷམ་བུ་སྲུབ་མེད་རྣམས་གྱོན། སྐྲ་རྫི་མ་ཐམས་ཅད་གཡུ་ལས་གྲུབ། སོ་སེན་ཐམས་ཅད་དུང་ལས་གྲུབ། ཞལ་འཛུམ་ཆུང་དམུལ་ལེར་རྟ་ཤ་བ་སྤྱང་འཛོམས་ལ་བཞོན་ཏེ། མ་བུ་མོ་རྣམས་ཀྱིས་མཐོང་ན་ཡིད་སེམས་དབང་མེད་དུ་འཕྲོག་ནས་ལུས་ཀྱི་ཚུགས་ཤོར་བ། སྐྱེས་དར་མ་རྣམས་ཀྱིས་མཐོང་ན་ལྟ་བའི་ཆོག་མི་ཤེས་ཤིང་ཡིད་སྨོན་འཆོར་བ་ཞིག་བྱས་ནས་འདུ་རའི་དབུས་སུ་ཕར་འགྲོ་ཚུར་འགྲོ་བྱེད་པ་ན། རྒྱ་རྒྱལ་གྱི་བསམ་པར། ཨེ་ཨེ་འཇིག་རྟེན་ན་ཤ་ཁྲག་ལས་གྲུབ་པ་ཞིག་ལ་འདི་ལྟ་བུའི་སྐྱེ་གཟུགས་དང་རྒྱན་གོས་ཡོད་ག་ལ་སྲིད། འདི་མིག་འཁྲུལ་ལམ། ཡང་ངའི་རྨི་ལམ་གྱི་སྣང་བ་ཅི་ཡིན་བསམ་སྟེ་སེམས་ཀྱི་དཔྱད་སྒོ་སྣ་ཚོགས་བྱེད་ཅིང་བཞུགས་པའི་སྐབས་སུ།
གེ་སར་སྐུ་ཡི་སྤྲུལ་པ་རྒྱ་རྗེའི་ལྷན་དུ་བཞུགས། གསུང་གི་སྤྲུལ་པ་དེ་ཁྱུང་ཆེན་རྡོ་རྗེ་འབར་བ་ལ་སྤྲུལ་ནས། བློན་པོ་ཕྱིང་སྔོན་དང་མི་ཆུང་གཉིས་གཤོག་སྟེང་དུ་བཞག་སྟེ་རྒྱའི་ཕོ་བྲང་གནམ་སྒོ་གོང་མ་ལ་བྱོན། དེར་བཙུན་མོའི་རོ་རུལ་དེ་ལྕགས་ཀྱི་སྒམ་ཆུང་སྲུབ་མེད་པ་ཞིག་གི་ནང་དུ་བཅུག་སྟེ་ས་གྲུ་གསུམ་གནམ་གྲུ་གསུམ་ཞིག་ཏུ་སྦས་ཏེ་བཞག འོན་ཀྱང་གེ་སར་གྱིས། ད་མྱུར་ཏུ་བཙུན་མོའི་རོ་དེ་ཙན་དན་དང༌། ཏིལ་མར་སོགས་རྫས་སྣ་དང་བཅས་བསྲེག་དགོས། རྒྱ་རྗེས་ཤེས་ན་བསྲེག་རྒྱུ་མི་ཡོང༌། རོ་དེ་བསྲེག་སྐབས་སྐད་ངན་ཅི་གྲགས་ཀྱང་ཡ་ང་སྙིང་རྗེ་མ་བྱེད་གསུངས་པའི་སྐབས་སུ། ཁྲོ་ཐུང་གིས་ལྕགས་ཀྱི་སྒམ་འདིའི་ནང་ལ་ཅི་ཡོད་དམ་བསམ་སྟེ་སྐེད་ནས་སྲིན་གྲི་བླངས་ཏེ། སྒམ་གྱི་ཁ་ཕྱེ་བ་ན། ནང་ནས་དུ་བ་སྔོ་ལོང་ངེ་བ་ཞིག་མཁའ་ལ་སོང་པས་འཇིག་རྟེན་དུས་འཁྲུག་དང་ལོ་ཉེས། རྒྱ་ནད་ཧ་ལ་རྒྱུགས་སོགས་བྱུང༌། དེ་ནས་བཙུན་མོའི་རོ་རུལ་བསྲེགས་ཏེ་སྒར་དུ་ལོག་གོ།
རྒྱ་རྗེ་ཕོ་བྲང་དུ་ཕེབས་ཏེ་བཙུན་མོའི་རོ་མེད་པ་ཤེས་པས་ཐུགས་མ་བདེ་པར་བློན་པོ་རྣམས་བསྡུས་ནས་བློན་པོ་ཧ་ཤ་རྔམ་པ་ལ། ད་རང་རེ་རྣམས་ཁ་ཟས་དང་མི་འཕྲད་ལག་པ་དུག་དང་འཕྲད། ཁ་སང་གེ་སར་བྱོན་འདུག་ཟེར་བ་དེ་ལྟས་ངན་གེ་སར་ག་ལ་ཡིན། གླིང་གི་བྱ་བྲལ་བ་མིག་འཁྲུལ་མཁན་ཞིག་ཡིན་པ་ཐག་གིས་ཆོད། བཙུན་མོའི་གདུང་དེའང་དེས་རྐུས་ཏེ་མི་འདུག་པས་རྒྱལ་ཁྲིམས་ཚད་མེད་པ་གཅོད་དགོས་ཟེར་པས། བློན་པོ་ཧ་ཤ་རྔམ་པ་ན་རེ། རྗེ་རྒྱལ་པོས་གསུངས་པ་ཐུགས་བདེན་ཡང༌། སླར་ཡང་གེ་སར་ཡིན་མིན་རྟོག་ཞིབ་མཛད་དགོས། བཙུན་མོའི་གདུང་ལྷག་མེད་ལ་སོང་བ་ཨེ་ཡིན་ཟེར་ཙ་ན། རྒྱ་རྒྱལ་གྱིས། ངའི་བཙུན་མོའི་གདུང་དེ་ལྷག་མེད་དུ་སོང་མེད་ན་རེ་ཞིག་ནས་སྔར་ལྟར་འགྲོ་རྒྱུ་ཡོད་པ་ཞིག་ཡོང་བ་ཡིན་པས། ཁྱོད་ཀྱིས་གེ་སར་ཟེར་བ་དེ་ལ་བཙུན་མོའི་གདུང་མི་འདུག་པས་ཁྱོད་ཀྱིས་ཤེས་སམ་ཞེས་དྲིས་དང༌། གེ་སར་ངོ་མ་ཡིན་ན་མངོན་ཤེས་ཡོད་པས་རྫུན་དང་གཡོ་སྒྱུ་མི་བྱེད་པར་དྲང་པོར་བཤད་འོང་གསུངས། དེ་ནས་བློན་པོ་ཧ་ཤ་རྔམ་པ་གེ་སར་མདུན་དུ་སོང་ནས། རྒྱལ་པོའི་བཙུན་མོའི་གདུང་མི་འདུག་པས། ཁྱོད་གེ་སར་ཡིན་ན་མངོན་ཤེས་ཡོད་པས་གར་ཡོད་དྲང་པོར་སྨྲོས་ཤིག་ཞུས་པས། གེ་སར་གྱིས། ང་ལ་ལྷ་ཀླུ་གཉན་གསུམ་དང༌། མ་ནེ་ནེ་སོགས་ཀྱི་ལུང་བསྟན་ལ་བཙུན་མོའི་གདུང་དེ་མ་བསྲེགས་ན། སྤྱིར་འཛམ་བུ་གླིང་དང༌། ཡང་སྒོས་རྒྱ་གླིང་གི་སྐྱེ་འགྲོ་ལ་འཚེ་བའི་གདོན་འདྲེ་མ་རུང་པ་ཞིག་ཡོང་གསུངས་པས། ལུང་བསྟན་ལྟར་བསྲེགས་ཚར་པ་ཡིན་གསུངས།
དེ་ནས་བློན་པོས་རྒྱ་རྒྱལ་ལ་གེ་སར་གྱི་གསུངས་པའི་ལོ་རྒྱུས་རྣམས་ཞིབ་པར་བཤད་ཙ་ན། རྒྱ་རྗེས། ཧ། ཕོ་ངའི་བཙུན་མོ་ཉི་མ་ཁྲི་སྐྱིད་ཀྱི་གདུང་དེ་ཞག་གྲངས་ཉི་མ་ཆུ་ཚོད་ལ་སླེབས་ན་སྔར་ལྟར་གསོན་པོར་འགྲོ་རྒྱུ་ཡོད་པ་ཡིན་པས། ཁྱོད་གེ་སར་དཔོན་གཡོག་གིས་བཙུན་མོའི་གདུང་རང་མལ་དུ་བཞག་ན་མ་གཏོགས། ལྷ་འདྲེའི་ལུང་བསྟན་ཡིན་ཟེར་ནས་རང་མལ་དུ་མི་བཞག་ན་རྒྱ་ཁྲིམས་ལས་ཀྱི་ཆད་པ་བརྒྱ་དང་རྩ་བརྒྱད་ངེས་པར་བཅོད་པ་ཡིན་ཟེར་ནས་བློན་པོ་ཁྱོད་ཀྱིས་གེ་སར་ལ་སྨོས་ཤིག་ཟེར།
བློན་པོ་ཧ་ཤ་རྔམ་པས་གེ་སར་ལ་རྒྱ་རྒྱལ་གྱིས་གསུངས་པ་ལྟར་ཞུས་པ་ན། གེ་སར་གྱིས། བཙུན་མོའི་གདུང་ནི་མེ་ལ་བསྲེགས་ཚར་པས་རང་མལ་དུ་འཇོག་རྒྱུ་ག་ལ་ཡོད། རྒྱལ་པོས་ཁྲིམས་ཆད་གཏོང་ན་ངའི་བློན་པོ་རྣམས་ལ་གཏོང་དགོས་དོན་མེད། ལན་པ་ང་ལ་ཡོད་པས་ཁྲིམས་ཆད་གང་བཅད་ཀྱང་འཁུར་ཆོག་གསུངས། རྒྱ་བློན་གྱིས་དེ་ལུགས་རྒྱ་རྗེ་ལ་ཞུས་ཙ་ན། རྒྱ་རྗེ་ཐུགས་རབ་ཏུ་ཁྲོས་ཏེ། ཁྱོད་བློན་པོ་རྣམས་ལ་བཀའ་བཏང་བ་ལྟར་ཞག་ཉེར་གཅིག་རིང་གེ་སར་ཁྲིམས་ཤིང་རྩེར་བསྐྱོན་ཏེ་བཞག་གོ།
དེ་ནས་ཞག་ཉེར་གཅིག་སོང་བ་ན་རྒྱ་རྗེས་བློན་པོ་རྣམས་ལ། ཁྱོད་རྣམས་སོང་ལ་གེ་སར་ཅི་བྱེད་ལྟོས་ཤོག་ཟེར་པས། བློན་པོ་རྣམས་སོང་པར། གེ་སར་བྱ་རིགས་མང་པོས་བསྐོར་ཏེ་བྱ་ཆེ་བས་ཕྱག་འཚལ། འབྲིང་བས་སྐོར་བ་བྱེད། ཆུང་པས་ཆོས་ཞུ་བཞིན་འདུག་པས། རྒྱ་བློན་རྣམས་ངོ་མཚར་དུ་གྱུར་ཏེ་རྒྱ་རྗེ་ལ་དེ་ལུགས་ཞུས་ཤིང་ཁྲིམས་གཅོད་མི་རིགས་པར་ཞུས་ཀྱང༌། རྒྱ་རྗེས། ཁོ་གེ་སར་གྱིས་ངའི་བཙུན་མོའི་གདུང་དེ་ཕོ་བྲང་སྦུགས་ནས་བླངས་ཏེ་མེར་བསྲེགས། གང་མིན་སྣ་ཚོགས་བྱས་སོང་པས་ཁྲིམས་གཅོད་མི་རིགས་ཟེར་རྒྱུ་ག་ལ་ཡོད། ཁོ་འབུ་དོང་ནང་དུ་ཞག་ཉེར་གཅིག་ལ་ཞོག་ཟེར་བ་ལྟར་འབུ་དོང་དུ་བཞག་ཀྱང་མ་གནོད། དེ་ནས་བྲག་མཐོན་པོའི་གཡང་ལ་གཡུག་ཀྱང་མ་གནོད་པར་སྔར་ལས་སྐུ་ལ་གཟི་མདངས་རྒྱས་པར་ཡོད་པས། རྒྱ་བློན་རྣམས་ངོ་མཚར་དུ་གྱུར་དེ་རྒྱ་རྗེ་ལ་དེ་ལུགས་ཞིབ་ཏུ་ཞུས་སོ།།
དེ་ནས་ཡང་རྒྱ་རྗེས། གེ་སར་ཟེར་བ་དེ་གཞན་གྱིས་མི་ཐུབ་ན། ཙན་དན་དམར་པོའི་མེ་ལ་སྲོགས་ཤིག་ཟེར་བ་ལྟར་བྱས་པས། མེ་འོབ་དེའི་དཀྱིལ་དུ་དཔག་བསམ་གྱི་ཤིང་ལོ་མ་དང་མེ་ཏོག་གིས་བརྒྱན་པ་ཞིག་སྐྱེས་ཤིང༌། དེའི་དབུས་སུ་གེ་སར་གྱི་སྐུ་གཟི་མདངས་ཟིལ་བ་ཁྲོམ་མེར་བཞུགས་པས། རྒྱ་བློན་རྣམས་སྔར་ལས་ངོ་མཚར་དུ་གྱུར་ཏེ་རྒྱ་རྗེའི་སྙན་དུ་ཞིབ་པར་ཞུས། དེར་རྒྱ་རྗེས། གེ་སར་ཁོ་ཁྲིམས་ཤིང་དང་འབུ་དོང༌། མེར་བསྲེགས་ཅི་བྱས་ཀྱང་མི་ཐུབ་ན། ད་དཔོན་བློན་རྣམས་ཁྲིམས་མཚོ་ཕྱུག་མོའི་ནང་ཞོག་ཟེར་བས། རྒྱལ་བློན་རྣམས་ཀྱིས་ཁྲིམས་མཚོ་ཕྱུག་མོའི་ནང་བཞག་གོ།
དེའི་སྐབས་སུ་བློན་ཆེན་འདན་མ་བྱང་ཁྲ་དང་མི་ཆེན་སེར་པོ་གཉིས་ན་རེ། གླིང་རྗེ་གེ་སར་རྒྱལ་པོ་ལགས། ཁྱེད་འོད་གསལ་ལྷ་ཡི་སྲས་པོ་ལ་རྒྱ་ཁྲིམས་འདི་འདྲ་གཅོད་པ་འོས་མེད། ངེད་བློན་པོ་རྣམས་ཀྱིས་ཡ་ལན་བྱས་ཏེ་ལྟད་མོ་དགོང་ནས་མཐོང་བ་ཞིག་བྱེད་ཆོག་ཟེར་བ་ན། གེ་སར་གྱིས། རྒྱ་རྗེ་འདི་དུས་སྙིགས་མར་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཡོད་པས་ཁྲིམས་ལུགས་མ་ཁུར་ན་རྒྱ་རྗེ་དབང་དུ་མི་འདུས། མི་ཁྲིམས་ཀྱིས་ལྷ་སྐུ་ལ་གནོད་མི་ཐུབ་པས། ཅུང་སྒུགས་དང་ཁོ་དབང་དུ་འདུ་རན་པ་ཡིན་གསུངས། དེར་གེ་སར་རྒྱལ་བློན་རྣམས་མཚོ་ནང་ལ་ཕེབས་པ་ཀླུ་རྣམས་ཀྱིས་མཐོང་སྟེ། འདོད་ཡོན་སྣ་ལྔའི་མཆོད་པ་ཕུལ་ཞིང༌། ཀླུ་རིགས་གྲངས་མེད་ཀྱིས་ཆོས་ཞུས་ཏེ་བསྙེན་བཀུར་དང་མཆོད་བསྟོད་ཀྱི་ངང་དུ་གནས་སོ།།
དེ་ནས་ཞག་ཉེར་གཅིག་ན་རྒྱ་བློན་རྣམས་ལྟ་བར་ཡོང་པས་གང་མཐོང་བ་རྒྱ་རྗེ་ལ་ཞིབ་ཏུ་ཞུས་ཏེ། གེ་སར་ཡིན་པ་ཐག་གིས་ཆོད་ཟེར་ཡང༌། རྒྱ་རྗེ་ན་རེ། གེ་སར་ཅི་ལ་ཡིན། ངའི་བཙུན་མོའི་གདུང་རྐུ་མཁན་དེ་ཁྲིམས་ར་བར་མར་ཁྲིད་ནས། སྒལ་ཚིགས་རེ་ལ་ལྕགས་འཛེར་རེ་དང༌། གསང་ཆེན་ལ་མེ་བཙའ་གོ་དགུ། སེན་བར་ལ་ཟངས་འཛེར་རེ་རྒྱོབས། ཉི་མ་རེ་ལ་དུག་ཆུ་ཕོར་བ་དགུ་རེ་བླུད་ཟེར་པས། རྒྱ་བློན་རྣམས་གྱིས་གེ་སར་ཁྲིམས་ཁང་དུ་ཁྲིད་དེ་མེ་བཙའ་དང་ལྕགས་འཛེར་སོགས་བརྒྱབ་པར། གེ་སར་རྒྱལ་པོ་མེ་བཙས་མ་ཚིག འཛེར་མ་རྣམས་མ་ཟུག་པས། རྒྱ་བློན་རྣམས་སོང་སྟེ་རྒྱ་རྗེ་ལ་ལོ་རྒྱུས་རྣམས་ཞུས་ཤིང༌། དུག་བླུད་མི་ཉན་པར་འདུག་ཞུས་པ་ན། རྒྱ་རྗེས། དུག་མ་བླུད་པར་ཐབས་མེད་པས། ཞག་ཉེར་གཅིག་གི་རིང་དུག་ཕོར་དགུ་རེ་བླུད་ཟེར། རྒྱ་བློན་རྣམས་ཀྱིས་རྒྱ་རྗེས་ཟེར་བ་ལྟར་གེ་སར་ལ་དུག་བླུད་པས། གེ་སར་ལ་དུག་གིས་མ་གནོད་པར་སྐུ་ལུས་རྨ་བྱ་ལྟར་གཟི་མདངས་སྔར་བས་ལྷག་པར་རྒྱས་པས། རྒྱ་བློན་རྣམས་ལྷག་པར་ངོ་མཚར་དུ་གྱུར་ཏེ་རྒྱ་རྗེ་ལ་ལོ་རྒྱུས་རྣམས་ཞུས་ཏེ། ཁྲིམས་ཆད་མི་གཏོང་པའི་ཞུ་བ་བྱས་ཀྱང༌། རྒྱ་རྗེས། གེ་སེར་ཟེར་བ་འདི་ཁྲིམས་ཆད་ཅི་བྱས་ཀྱང་མི་ཐུབ་པར་འདུག་པས། འདི་ཤ་ཁྲག་ལས་གྲུབ་པའི་མིག་འཁྲུལ་མཁན་ཞིག་ཡིན་ན། ཁྲིམས་སྣ་གཅིག་གིས་མི་ཐུབ་པ་མི་སྲིད། ད་གེ་སར་ཁོ་མནོལ་གྲིབ་ཕོག་པ་ཞིག་བྱས་ན་ཁྲིམས་ཀྱིས་ཐུབ་པ་ཡིན་པས། གེ་སར་གྱི་སྟེང་དུ་རྐང་པ་བཀྲུས་པའི་ཆུ་བླུགས། སྐྲ་ཡི་ཐག་པས་སྡོམས། ལྷམ་ཚང་གི་བདུག་པ་བྱོས་དང་ལྷའི་སྤྲུལ་བ་གེ་སར་ངོ་མ་ཡིན་ན་མི་གནོད། དེ་མིན་གཞན་ཐུབ་པ་ཡིན་པས་དེ་བྱེད་དགོས་ཟེར་བ་ན། བློན་པོ་ཧ་ཤ་རྔམ་པ་ན་རེ། རྒྱལ་པོ་ལགས། ཁྲིམས་གཅོད་དེ་འདྲ་བདག་གིས་བྱེད་མི་ཐུབ་ཞུས་པས་རྒྱ་བློན་ཆེ་དགུ་ཐམས་ཅད་ཁྲིམས་གཅོད་དུ་འགྲོ་བར་བྱས་སོ།།
དེའི་ནུབ་མོའི་མཚན་ཕྱེད་ཙམ་ལ་མ་ནེ་ནེ་རྣམ་སྨིན་དཀར་མོས་གེ་སར་རྒྱལ་པོ་ལ་ལུང་བསྟན་གྱི་གླུ་འདི་ལྟར་བླངས་སོ།།
ཆོས་ཨོཾ་ཆེན་མ་ཎི་པདྨེ་ཧཱུཾ། །སྡིག་ཆེན་བློ་སྣ་ཆོས་ལ་སྒྱུར། །ང་དང་ང་ངོ་མ་ཤེས་ན། །མ་ནེ་ནེ་རྣམ་སྨིན་དཀར་མོ་ཡིན། །མ་ཉལ་གེ་སར་ཡར་ལ་ལོངས། །ཉི་མ་སང་གི་དུས་དེ་ལ། །རི་རྩེར་ཉི་མ་མ་ཕོག་དུས། །རྒྱ་ནག་རི་བོ་རྩེ་ལྔ་ལ། །མགོན་པོ་མ་ནིང་ནག་པོར་སྤྲུལ། །ཉི་ཟླ་ཞལ་གྱི་གཡས་གཡོན་ཆུག །སྐར་མ་སོ་ཡི་བར་དུ་བཟུང༌། །རྒྱ་ནག་རྒྱལ་པོའི་སྐེད་ནས་བཟུང༌། །ཕྱག་ལ་རྡོ་རྗེ་གྲི་གུག་འཕྱོར། །ད་རེས་དུས་ཀྱི་ཉི་མ་ལ། །རྒྱ་རྗེར་འཇིགས་ཚུལ་མ་ངོམ་ན། །ཁྱེད་ལ་མནོལ་གྲིབ་ཕོག་ནས་འོང༌། །རྒྱལ་པོར་འཇིགས་ཚུལ་མ་གཏོགས་པ། །སྲོག་ལ་བར་ཆད་མི་ཡོང་དགོས། །དེ་བྱོས་དང་རྒྱ་ནག་རྒྱལ་པོ་དེས། །ཕྱག་དང་དད་པ་བྱས་ནས་འོང༌། །རྒྱ་ཡུལ་ཆོས་ལ་འགྱུར་ནས་ཡོང༌། །ཐུགས་མ་ཡེངས་ཨེ་གོ་རིགས་ཀྱི་བུ།།
ཞེས་ལུང་དེ་ལྟར་བསྟན་པས། གེ་སར་རྒྱལ་པོ་མགོན་པོ་མ་ནིང་ནག་པོར་སྤྲུལ་ཏེ་ཞབས་གཡས་པ་རི་བོ་རྩེ་ལྔ་ལ་བཞག གཡོན་པ་སྤོམ་རའི་སྟེང་ལ་བཞག་སྟེ་མ་ནེ་ནེའི་ལུང་བསྟན་ལྟར་བཞུགས་ཙ་ན། རྒྱ་བློན་རྣམས་གེ་སར་ལ་མནོལ་གྲིབ་བྱེད་པར་ཡོང་པས་མཐོང་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་རྒྱ་རྗེ་ལ་ཞུས་པས། རྒྱ་རྗེ་ན་རེ། དེ་གེ་སར་ཡིན་པའི་ངེས་པ་ཅི་ཡོད། རང་རེའི་ཡུལ་གྱི་ཧ་ཤང་ཞིག་གིས་མིག་འཕྲུལ་བསྟན་པ་ཡང་སྲིད་ཟེར་ནས་དད་པ་དང་ཡིད་ཆེས་མ་བྱས་པས། གེ་སར་ཐུགས་རབ་ཏུ་ཁྲོས་ཏེ་རྒྱ་རྗེའི་སྐེད་ནས་བཟུང་སྟེ་བར་སྣང་དུ་སྤྲུག་སྤྲུག་འགའ་བྱས་ནས། དམ་ཉམས་ཁྱོད་མཐའི་རྒྱ་མཚོའི་ཕ་རོལ་གྱི་སྲིན་པོ་རཀྵ་མགོ་དགུའི་ཁ་ཟས་སུ་སྤྲད་པ་ལས་འོས་མེད་ཀྱང༌། ད་རེས་ང་ཡི་བཀའ་ལ་ཉན་ཏེ་རྒྱལ་ཁམས་ཆོས་ལ་བསྒྱུར། ཁྲིམས་ཀྱི་མུན་པ་བསལ་བ་སོགས་ཁས་ལེན་ན་རྒྱལ་པོ་མངའ་རིས་དང་བཅས་བདེ་ཞིང་སྐྱིད་པ་དང༌། ཕྱི་མ་ཐར་ལམ་ལ་འགྲོ་བ་ཡིན་གསུངས་པས། དེར་རྒྱ་རྗེ་ཤིན་ཏུ་སྐྲག་ནས་ཅི་གསུང་བཀའ་བསྒྲུབས་བྱས་ཏེ་ཕོ་བྲང་དུ་བྱོན། གེ་སར་ཡང་སྤྲུལ་པ་བཤིག་སྟེ་རང་སྒར་དུ་བཞུགས་སོ།།
དེའི་སྐབས་སུ་ཡང་རྒྱ་རྗེ་ན་རེ། ངས་གེ་སར་གྱིས་ཅི་ཟེར་ཁས་བླངས་ཀྱང༌། ད་དུང་བརྟག་པ་ཞིག་བྱེད་དགོས་འདུག་པས། དེ་རིང་ཕོ་བྲང་དུ་ཆོས་པོ་ཏི་རྣམས་ཀྱིས་ཁྲི་རྒྱོབས། དེའི་སྟེང་དུ་ཟ་འོག་གི་གདན་གདིང་ནས་པོ་ཏི་རྣམས་མི་མཐོང་བར་བྱས། དེ་ནས་གེ་སར་དཔོན་བློན་ཕོ་བྲང་དུ་གདན་འདྲེན་ཞུ་དགོས། དེ་དུས་པོ་ཏི་ཡིན་པ་མ་ཤེས་པར་སྟེང་དུ་བཞུགས་སོང་ན་གེ་སར་མིན་པའི་རྟགས་ཡིན་ཟེར་པས། རྒྱ་བློན་རྣམས་ཀྱིས་དེ་ལྟར་བྱས་ཏེ་གེ་སར་དཔོན་བློན་རྣམས་གདན་དྲངས་པས། གེ་སར་གྱིས་མ་མཁྱེན་པའི་ཚུལ་མཛད་ནས་ཁྲིའི་རྩར་སེ་གོལ་ཞིག་གཏོགས་ཏེ་ཡི་གེ་རྣམས་མེད་པར་བྱས་ནས་ཁྲི་ལ་བཞུགས་ཤིང༌། རྒྱལ་བློན་རྣམས་ལ་འཚོ་བ་ཕུན་སུམ་ཚོགས་པའི་སྟོན་མོ་རྒྱ་ཆེར་བྱས་སོ།།
དེ་ནས་གེ་སར་རྒྱལ་བློན་སྒར་ལ་ཕྱིན་ཟིན་པ་དང༌། རྒྱ་རྗེ་ན་རེ། ཁོ་གེ་སར་མིན་པར་འདུག་པས་སླར་ཡང་ཁྲིམས་གཅོད་བྱེད་དགོས་འདུག་ཟེར་བ་ན། རྒྱ་བློན་ཧ་ཤ་རྔམ་པས། རྗེ་རྒྱལ་པོ་ལགས། སྔོན་ལ་ཅི་གསུངས་ཁས་བླངས། སླར་ཡང་ཁྲིམས་གཅོད་བྱས་ན་ག་ལ་འགྲིག འོན་ཀྱང༌། གདན་ཁྲི་བྱས་པའི་པོ་ཏི་རྣམས་ལ་གཟིགས་དང་ཅི་འདྲ་བྱུང་ཡོད་མི་ཤེས་ཟེར་པས། པོ་ཏི་རྣམས་ལ་ལྟ་སྐབས་ཚང་མ་ཤོག་སྟོང་དུ་གྱུར་པ་གཟིགས་པས། རྒྱ་རྗེ་ཡིད་ཆེས། དད་མོས་ཚད་མེད་སྐྱེས་ཏེ་ནང་བློན་རྣམས་བསྡུས་ཏེ་གསུངས་པ། ད་དེ་གླིང་རྗེ་གེ་སར་རྒྱལ་པོ་ཡིན་པ་ཐག་གིས་ཆོད། སང་ཉིན་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་བཤགས་པ་འབུལ་དགོས་པས་གྲབས་བཤོམ་ཡང་དག་པ་གྱིས་ཤིག་ཅེས་བློན་པོ་རྣམས་ལ་བཀའ་ཕབས་སོ།།
དེའི་ཕྱི་ཉིན་གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་རྫས་སྣ་ཚོགས་དང་རོལ་མོའི་བྱེ་བྲག་དཔག་དུ་མེད་པ་དང་བཅས་གེ་སར་རྒྱལ་བློན་རྣམས་རྒྱ་རྗེའི་ཕོ་བྲང་དུ་གདན་དྲངས། དེར་ཕུན་སུམ་ཚོགས་པའི་ཟས་སྣས་སྟོན་མོ་དང༌། གླུ་གར་ལ་སོགས་པའི་རིམ་པས་རྒྱལ་བློན་རྣམས་ཐུགས་མཉེས་པར་བྱས། དེ་ནས་རྒྱ་རྗེས་ནོར་བུ་སྣ་ཚོགས་དང༌། ཟ་འོག་དར་ཟབ། གསེར་དངུལ་མུ་ཏིག རྟ་དང་གླང་པོ་ཆེ་སོགས་གྲངས་མེད་པ་ཕུལ་ནས་སྔར་བྱས་ལ་བཤགས་པ་དང་ཕྱིན་ཆད་མི་བྱེད་པའི་ཁས་ལེན་བྱས་ཤིང༌། རྒྱ་ནག་མུན་པའི་གླིང་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ཡང་བཏབ་བོ།།
དེ་ནས་འཛམ་གླིང་གེ་སར་རྒྱལ་པོས། རྒྱའི་ཞིང་ཆེན་བཅོ་བརྒྱད་ཀྱི་རྒྱལ་བློན་འབངས་དང་བཅས་པར། རང་རང་གི་བློ་དང་འཚམ་པའི་ཆོས་ཐེག་པ་རིམ་དགུའི་ཆོས་འཁོར་བསྐོར། མ་འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར། ནད་མུག་འཁྲུག་རྩོད་ཞི། ལོ་ལེགས་ཚེ་བསོད་འཕེལ། རྒྱ་ནག་པོའི་ཡུལ་ཁམས་ཆེན་པོ་དེར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ནས་བཞུགས་སོ།།
དེའི་སྐབས་སུ་རྒྱ་རྗེས་གེ་སར་རྒྱལ་པོ་ལ། ཁྱེད་བོད་ཁ་བ་ཅན་ཟེར་བ་དེ་དུད་འགྲོའི་གླིང་ལྟ་བུ། མི་རྣམས་དམུ་རྒོད་པ། ལོངས་སྤྱོད་དམན་ཞིང་ས་གཞི་རྩུབ་པ། གཡང་ས་དང་ཚེར་མ་མང་པ། ནགས་ཚལ་སྟུག་པ་དེ་འདྲ་ཞིག་ཡོད་པར་གདའ། ང་རྒྱ་ཡི་ཡུལ་ནི་རྩི་ཤིང་མེ་ཏོག་འཛོམས་པ། འབྲུ་སྣ་མང་བ། ལོངས་སྤྱོད་ཆེ་ཞིང་ཡུལ་སྐྱིད་པ་འདི་འདྲ་གཞན་ན་མེད། དེས་ན་ངའི་བུ་མོ་ཝ་ཨ་ཀུན་མཚོ་དང༌། རྗེ་རྒྱལ་པོ་གེ་སར་ཁྱེད་གཉིས་ང་རྒྱ་རྗེའི་རྒྱལ་ཚབ་ལ་བཞུགས་དང༌། རྒྱའི་རྒྱལ་སྲིད་མངའ་ཐང་བཅས་པ་ཕུལ་ཏེ། བདག་སྐྱབས་འགྲོའི་སྡོམ་པ་བླངས་ཏེ་ཆོས་བསྒྲུབ་པ་ཡིན་གསུངས་པ་ན། གླིང་གེ་སར་རྒྱལ་པོས་རྒྱ་རྗེ་ལ་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ཚུར་གསོན་དང་རྒྱ་ནག་རྒྱལ་པོ་ལགས། །ང་སེང་ཆེན་ནོར་བུ་དགྲ་འདུལ་དེ། །གོང་མ་ལྷ་ནས་མངགས་ལེ་ཡིན། །ནག་པོ་དགྲ་ཡི་ཁ་གནོན་ཡིན། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན། །ངས་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབས། །ང་རང་ལོ་ལྔ་བཅུ་ཐམ་པའི་ལོར། །མ་ནེ་ནེས་ལུང་བསྟན་བྱུང་བ་ལ། །རྒྱའི་བཙུན་མོ་ཉི་མ་ཁྲི་སྐྱིད་གྲོངས། །རྒྱའི་རྒྱལ་པོ་མྱ་ངན་མ་སངས་ཡོད། །བཙུན་མོའི་རོ་རུལ་མ་ལང་ཡོད། །རྒྱ་ནག་པོ་ཁྲིམས་ཀྱི་མུན་པ་འཁྲིགས། །རྒྱ་རྒྱལ་མྱ་ངན་སེལ་དགོས་ཟེར། །རྒྱ་ནག་པོའི་ཁྲིམས་སྒོ་ཕྱེ་དགོས་ཟེར། །ལྷ་གོང་མའི་བཀའ་མངགས་མིན་པས་ན། །ང་གེ་སར་རྒྱ་ལ་ཡོང་དོན་མེད། །རྒྱ་ནག་པོར་དགོས་པའི་རྫས་སྣ་རྣམས། །དེ་མ་འཛོམས་ལོ་ངོ་ལྔ་ཙམ་འགོར། །དེ་ནས་རྒྱ་གླིང་ས་མཚམས་ལ། །ཟླ་གྲངས་ཞག་གྲངས་མང་པོ་འགོར། །རྒྱ་རྒྱལ་མཇལ་བའི་ཚུན་ཆད་ནས། རོ་རུལ་བསྲེགས་པའི་ཕྱི་ནང་ནས། །ཁྲིམས་ཆད་བཅད་ནས་ལོ་གཅིག་སོང༌། །དེ་ནས་རྒྱལ་པོས་ཆོས་ངོ་ཤེས། །སྡིག་ལས་མ་བྱེད་དགེ་བ་སྒྲུབས། །ཚེ་འདི་ལས་ཕྱི་མ་རིང་ལེ་རེད། །ལམ་འདི་ལས་བར་དོ་ལམ་འགག་ཆེ། །རྒྱ་ནག་པོ་མུ་སྟེགས་ས་ཆ་འདི། །བདེ་བ་དག་པའི་ཞིང་དུ་འཁོད། །ཁྱེད་རྒྱལ་སྲིད་ཆོས་བཞིན་སྐྱོངས་པར་གྱིས། །ང་ཡི་བཀའ་ལས་མ་འགལ་དགོས། །ང་གེ་སར་རྒྱུ་ལ་ཆགས་པ་མེད། །རྒྱ་ཡི་རྒྱལ་ས་འཛིན་དགོས་མེད། །རྒྱ་ནག་པོའི་རྒྱལ་ས་བཟུང་བ་ན། །གོང་མ་ལྷ་ཡི་བཀའ་ཆད་ཡོང༌། །གེ་སར་ཚེ་ལ་བར་ཆད་འོང༌།།
ཞེས་གླུ་དེ་བླངས་ཤིང༌། རྒྱ་རྗེ་ལ་ངས་ད་དུང་བོད་དབུ་ནག་གི་འགྲོ་དོན་རྫོགས་མེད་པས་བོད་ལ་འགྲོ་དགོས། ཁྱེད་རྒྱལ་པོས་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ཏེ་ང་ལ་དད་པ་གྱིས་དང་མ་འོངས་པ་ན་ཁྱེད་ཀྱི་རྒྱལ་ས་འཛིན་པའི་རྟེན་འབྲེལ་འོང་གསུངས།
དེ་ནས་སྟག་གི་ཟླ་བའི་ཚེས་པ་བཅོ་ལྔ་ལ་གླིང་གི་རྒྱལ་བློན་རྣམས་རང་ཡུལ་ལ་ལོག་པར་བརྩམས་པ་ན། རྒྱ་རྗེས་འཛམ་གླིང་གེ་སར་རྒྱལ་པོར་སྐུ་དྲིན་གསོ་བའི་ཕྱིར། རིན་པོ་ཆེ་དང་དར་ཟབ། རྟ་གླང་སོགས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དེར་སྲས་མོ་ཝ་ཨ་ཀུན་མཚོས་སྨོན་ལམ་གྱི་གླུ་འདི་བླངས་སོ།།
ཤར་རྒྱ་ནག་རི་བོ་རྩེ་ལྔ་ནས། །སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་མཁྱེན། །ང་བུ་མོའི་གླུ་སྣ་སྐྱོང་རོགས་མཛོད། །ང་དང་ང་ངོ་མ་ཤེས་ན། །རྒྱའི་སྲས་མོ་ཝ་ཨ་ཀུན་མཚོ་ཡིན། །གླིང་རྗེ་གེ་སར་རྒྱལ་པོ་ལགས། །ངས་མ་ཤེས་མ་མཁས་ཅི་བྱུང་ཡང༌། །རྗེ་གེ་སར་མདུན་ལ་མཐོལ་ལོ་བཤགས། །ངའི་ཡབ་ཆེན་ཀ་ར་གུར་མགོན་འདི། །སྐུ་ཚེ་ལ་བར་ཆད་མི་འོང་ཞུ། །ལས་སྨོན་རྟེན་འབྲེལ་བཟང་པོ་ཞུ། །དེ་རིང་ཚེས་པ་བཅོ་ལྔ་ལ། །ཁྱེད་དཔོན་བློན་འཁོར་དང་བཅས་པ་ཀུན། །གཟའ་སྐར་འཕྲོད་སྦྱོར་ལེགས་པར་ཤོག །ལམ་སྣ་དར་ལས་འཇམ་པར་ཤོག །ཀེག་དང་བར་ཆད་མེད་པར་ཤོག །སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས། །སླར་ཡང་མཇལ་བའི་སྨོན་ལམ་འདེབས།།
ཞེས་གླུ་དེ་ལྟར་བླངས་ནས་གེ་སར་ལ་གྱེས་ཕྱག་ཕུལ། དེ་ནས་གེ་སར་རྒྱལ་པོས་དར་དཀར་པོ་ཉིན་མོ་བདེ་ལེགས་ཤིག་ལ་རྡོ་རྗེའི་ཚེ་མདུད་ཅིག་བརྒྱབ་སྟེ་རྒྱ་རྗེ་ལ་ཕུལ། བློན་པོ་རྣམས་ལ་མདའ་གསེར་ལྟོང་མ་ལྔ་བཅུ་རེ་ཕུལ་ཏེ། གླིང་གི་རྒྱལ་བློན་རྣམས་བྱེས་དོན་ལེགས་པར་གྲུབ་ནས་རང་ཡུལ་ཁྲ་མོ་གླིང་ལ་ཕེབས་སོ།། །།

གླེང་བརྗོད།
ནག་པོ་རྒྱ་གླིང་། (དང་པོ)
གློག་རྡུལ་དེབ།

སྔོན་མ།
ནག་པོ་རྒྱ་གླིང། (དང་པོ)
ཕྱི་མ།
འཇང་གླིང་གཡུལ་འགྱེད།(ཚན་པ་དང་པོ)
Menu