ཟླ་རེའི་གསར་འགྱུར།

ནག་པོ་རྒྱ་གླིང། (དང་པོ)

༄༅། །དེ་ལ་གླིང་རྗེ་གེ་སར་རྒྱལ་པོས་ཕྱིའི་དགྲ་ཆེན་ཐམས་ཅད་བཏུལ་ནས་ཁམས་གསུམ་བདེ་ལ་བཀོད་དེ་སྐྱིད་ལྷ་མཁར་ནོར་བུའི་ཕོ་བྲང་དུ་སྐུ་མཚམས་དམ་པོར་བཞུགས། སྐབས་དེར་རྒྱ་ནག་རྒྱལ་པོ་ཀ་ར་གུར་མགོན་གྱིས་ཀླུ་གདོལ་བ་ནག་པོའི་སྲས་མོ་ཉི་མ་ཁྲི་སྐྱིད་ཟེར་བ་ཁབ་ཏུ་བསུས་ཤིང༌། དེ་ལ་སྲས་མོ་ཝ་ཨ་ཀུན་མཚོ་ཟེར་བ་ཞིག་འཁྲུངས། སྲས་མོ་ལོ་གསུམ་སོན་པ་ན། ལྷ་ཀླུ་གཉན་གསུམ་གྱི་ཕྱྭ་མོ་རྩིས་གསུམ་ལ་བཙུན་མོ་ཉི་མ་ཁྲི་སྐྱིད་ཚེ་ཐུང་པར་བྱས་ན་སྐྱེ་འགྲོ་ཡོངས་ལ་གནོད་བྱེད་མ་རུང་པ་ཞིག་ཡོང་བར་འདུག་པ་བབས་ཏེ། དེ་གསུམ་ཞ་ལོང་ལྐུག་གསུམ་དུ་སྤྲུལ་ནས་ཟས་སློང་ལ་ཡོང་པ་བཙུན་མོས་གཟིགས་པས། དེ་ནུབ་ནས་རྒྱལ་མོའི་ཁམས་མ་བདེ་བ་ཆགས་ཏེ་ལོ་གསུམ་བར་བསྙུན། ཅི་བྱས་ཀྱང་མ་ཕན་པར་མཐར་བཙུན་མོས་རྒྱལ་པོར། ང་ལན་གཅིག་ཤི་དགོས་ཤིང༌། ང་ཤི་རྗེས་ཕུང་པོ་དར་ཟབ་ཀྱིས་དྲིལ་ལ་རྒྱལ་པོ་ཉིད་ཀྱིས་དྲོད་མ་ཡལ་པར་མུན་ཁོང་དུ་རུམ་ལ་བཞུགས། ཉི་ཟླ་སྐར་གསུམ་གསེར་དངུལ་དུང་གསུམ་བྱོས་ལ་མཛོད་དུ་ཆུག རྒྱ་ཟོག་བོད་དང་བོད་ཟོག་རྒྱ་ལ་མ་འདྲེན། ཕྱི་མི་ནང་དང་ནང་མི་ཕྱིར་མ་གཏོང༌། རྒྱ་ཡུལ་ལ་རང་དབང་མེད་པའི་ཁྲིམས་སྡོམས། ལོ་གསུམ་གྱི་རིང་ཤ་ཁྲག་རུས་གསུམ་ཟོ་དང་སྔར་ལས་ལྷག་པ་ཞིག་ཡོང་ནས་རྒྱལ་པོ་ཁྱེད་ཀྱི་བཙུན་མོ་བྱེད་ཆོག་ཞུས་པས། རྒྱལ་པོས་ཡག་སྡུག་ཅི་ཡིན་ཐེ་ཚོམ་དུ་གྱུར་ཀྱང་བཙུན་མོའི་ཁ་ཆེམས་ལྟར་མཛད་པར་ཞལ་གྱིས་བཞེས།
སྲས་མོ་ཝ་ཨ་ཀུན་མཚོས། ངའི་མ་ཡུམ་དེ་ལེགས་པོ་ཞིག་མ་རེད་དགོངས་ཏེ་རྒྱ་ཡི་བུ་མོ་སྤུན་བདུན་ལ་མས་ཁ་ཆེམས་བྱས་ལུགས་ཞིབ་པར་བཤད་པས། དེ་ལུགས་གླིང་རྗེར་ཞུ་དགོས་པའི་གྲོས་ཐག་བཅད་དེ་གོས་ཆེན་ནག་པོའི་ངོས་ལ་གསེར་དངུལ་སྐུད་པས་ཡིག་གཟུགས་བྱས། སེང་ཆེན་རྒྱལ་པོ་མྱུར་བར་རྒྱ་ལ་ཕེབས་དགོས་པའི་ཚིག་དོན་ཚང་མ་བཀོད་ནས་ཁྲ་མོ་གླིང་ལ་རྒྱ་བྱ་ཚེ་རིང་མཚོ་མོ་གཙོ་བྱས་བྱ་སྤུན་གསུམ་ལ་བསྐུར་རོ།།
ཁྲ་མོ་གླིང་གི་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་གཟིམ་བཞུགས་པའི་ཐོ་རངས་ཁར། སྤྲིན་དཀར་པོ་ལིང་ངེ་བ་ཞིག་གི་སྟེང་ནས་མ་ནེ་ནེ་གནམ་སྨིན་དཀར་མོས་ལུང་བསྟན་གྱི་གླུ་འདི་གསུངས་སོ།།
གླུ་ལུང་བསྟན་བླ་མ་མཁའ་འགྲོས་སྐྱོངས། །གླུ་སྣ་ཆོས་སྐྱོང་སྲུང་མས་དྲོངས། །གླུ་འདི་གླུ་ངོ་མ་ཤེས་ན། །མ་ནེ་ནེའི་འབངས་གླུ་ཁྲ་ཆུང་ཡིན། །མ་བབས་མི་ལ་ལེན་ལེ་མིན། །གལ་ཆེ་ནས་གེ་སར་དཔོན་ལ་ལེན། །མ་གཉིད་ཨེ་གོ་ཕ་ཡི་བུ། །གཉིད་པའི་བུ་ལ་ཡོན་ཏན་མེད། །ཁྱེད་དགུང་ལོ་བརྒྱ་ཕྱེད་ལྔ་བཅུ་ཡིན། །དགྲ་མགོ་ཡར་ཁམས་བྱང་ལ་གཏད། །བདུད་ཀླུ་བཙན་ཐོད་མདའ་སྤྲད་ནས་ཐལ། །དགྲ་སྐེད་སེར་པོ་ཧོར་ལ་གཏད། །གུར་དཀར་གཉའ་སྒ་བརྟད་ནས་ཐལ། །ད་དགྲ་མཐའ་ནག་པོ་རྒྱ་ལ་གཏོད། །རྒྱ་ནག་ཁྲིམས་སྒོ་ཕྱེ་རན་ཐལ། །བཙུན་མོ་ཉི་མ་ཁྲི་སྐྱིད་དེ། །དབུ་ནག་བོད་ཀྱི་སྲོག་བདག་ཡིན། །སྦྱིན་བསྲེག་ད་ལོ་མ་ཐུབ་ན། །ཕན་ཆད་ཐུབ་པའི་རེ་བ་མེད། །ནག་པོ་རྒྱ་ཡུལ་ས་ཆ་ནས། །ནམ་མཁའི་བྱ་ཡིག་འོང་ངེས་པས། །གླིང་གི་དཔའ་བརྟུལ་སུམ་ཅུ་ལ། །བོད་ཀྱི་ལ་སྒོ་བཅོ་བརྒྱད་སྲུངས། །ཚོ་དྲུག་འདུ་ར་བསྡུ་རྒྱུ་གྱིས། །ཞེས་ལུང་དེ་ལྟར་བསྟན་པས། གེ་སར་རྒྱལ་པོའི་དགོངས་པ་ལ་ཚོ་དྲུག་གི་འདུ་ར་ཞིག་བསྡུ་དགོས་འདུག་དགོངས་ཏེ་སེང་ལྕམ་འབྲུག་མོ་ལ་གླུ་འདི་གསུངས་སོ།།
སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ང་དང་ང་ངོ་མ་ཤེས་ན། །གླིང་རྗེ་སེང་ཆེན་རྒྱལ་པོ་ཡིན། །གླུ་འདི་གླུ་ངོ་མ་ཤེས་ན། །གེ་སར་རྒྱལ་པོའི་འགྱིང་གླུ་ཡིན། །མ་ཉལ་འབྲུག་མོ་ཡར་ལ་ལོངས། །ཁྱོད་མངགས་ལེ་མིན་ཏེ་དུས་ལ་བབས། །མགོ་ལ་གཡུ་རབ་བཅོ་བརྒྱད་ཐོགས། །ལུས་ལ་གོས་རབ་བཅོ་བརྒྱད་གྱོན། །ལྷ་ཚངས་པ་དེ་ལ་སྙན་དར་ཕུལ། །གཉེན་སྐུ་ལྷ་དེ་ལ་ཡོན་ཆབ་ཕུལ། །ཀླུ་གཙུག་ན་དེ་ལ་ལྷ་བཤོས་ཕུལ། །དཔའ་དགྲ་ལྷ་དེ་ལ་ལྷ་བསང་ཐོངས། །གཞི་བདག་རྣམས་ལ་ངོ་སོ་བསྟོད། །མདང་གསུམ་མལ་ཉལ་སྣང་བ་ལ། །མ་ནེ་ནེས་ལུང་བསྟན་འདི་འདྲ་བྱུང༌། །རྒྱ་མུ་སྟེགས་ཁྲིམས་སྒོ་འབྱེད་དགོས་ཟེར། །གླིང་དཔའ་རྟུལ་འདུ་ར་བསྡུ་དགོས་ཟེར། །ཤ་ཁྲ་མོ་གང་ཡག་ཚོ་འདྲེན་གྱིས། །ཆང་སྐྱེན་པོ་གང་ཡོད་ལ་མོ་གྱིས། །གླིང་ཚོ་དྲུག་མྱུར་དུ་བསྡུ་རྒྱུ་གྱིས། །ཞེས་གསུངས་པས་འབྲུག་མོ་ཡིད་མ་རང་ཞིང་བློ་མ་བདེ་བ་ཞིག་བྱུང་ཡང༌། མོའི་བསམ་པར་རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན་པས་དཔའ་ཐུལ་གྱི་འདུ་ར་མ་བསྡུས་ན་བཀའ་བཀྱོན་ཞིག་ཡོང་འདུག་སྙམ་སྟེ། སྐྱིད་ལྷ་མཁར་གྱི་རྩེ་མོར་སོང་ནས་དར་འཕྱར། དུང་བཏང༌། ཁྲིམས་རྔ་བརྡུངས་པས། དེ་མ་ཐག་ཚོ་དྲུག་གླིང་གི་ཆེ་འབྲིང་ཆུང་གསུམ་དཔའ་བོའི་འདུ་ར་ཁྲ་མོར་གཡས་གྲལ་ཉི་མ་ཤར་འདྲ། གཡོན་གྲལ་ཟླ་བ་ཚེས་འདྲ། དཀྱིལ་གྲལ་མུ་ཏིག་བཤམ་འདྲ་བྱས་ཏེ་ཁྲ་ཆིལ་ལེར་ཚོགས། དེ་ནས་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཙན་དན་དམར་པོའི་ཁྲི་སྟེང་དུ་སྐུ་བཞེངས་ནས་གླུ་འདི་གསུངས་སོ།།
གླུ་ཐ་ལ་ཐ་ལ་ཨ་ལ་རེད། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །བཀའ་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །འབྲེལ་ཚད་དོན་དང་ལྡན་པར་ཤོག །གླུ་འདིའི་གླུ་ངོ་མ་ཤེས་ན། །སེང་ཆེན་ཁྲོམ་གླུ་ཟིལ་གནོན་ཡིན། །ང་དང་ང་ངོ་མ་ཤེས་ན། །ང་རང་ཇོ་རུ་རྒྱལ་པོ་ཟེར། །ཁྱོད་ཚོ་ཆེན་ལྷ་སྡེ་དཀར་པོ་ཉོན། །འབྲུག་ཟླའི་ཚེས་ཆེན་བཅོ་ལྔ་ལ། །མ་ནེ་ནེས་ང་ལ་ལུང་བསྟན་བྱུང༌། །ངེད་དགུང་ལོ་བརྒྱ་ཕྱེད་ལྔ་བཅུ་དུས། །དགྲ་མཐའ་ནག་པོ་རྒྱ་ལ་གཏོད། །རྒྱ་རྒྱལ་མྱ་ངན་མ་ཞི་ཡོད། །བཙུན་མོའི་རོ་རུལ་མ་ལང་ཡོད། །དགུང་ཉི་ཟླ་ཁྲིམས་བཅོས་བྱས་ནས་ཡོད། །རྒྱ་ནག་པོ་ཁྲིམས་ཀྱི་མུན་པ་འཁྲིགས། །རྒྱ་ནག་པོའི་ཁྲིམས་སྒོ་འབྱེད་དགོས་གསུངས། །རིང་རིང་རྐང་གཉིས་མི་ཡིག་འོང༌། །ཐུང་ཐུང་ནམ་མཁའི་བྱ་ཡིག་འོང༌། །བོད་སྒང་པའི་ལ་སྒོ་བཅོ་བརྒྱད་ལ། །སོ་བ་ཉུལ་མ་གྲབས་གཤོམ་གྱིས། །ཕོ་སུ་ཡིས་ཡི་གེ་རྙེད་ནས་ནི། །གཡོ་སྒྱུ་མགོ་སྐོར་མ་བྱེད་ལ། །ང་ཡི་ལག་ཏུ་འཕྲོད་ངེས་དགོས།།
ཞེས་གླུ་དེ་ལྟར་བླངས་པས། དེར་འདུས་ཐམས་ཅད་ཁ་རོག་གེར་བསྡད་ཙ་ན། སྤྱི་དཔོན་རྒྱལ་པོས་གེ་སར་རྒྱལ་པོ་ཐུགས་བདེན་སྙམ་ནས་ན་རེ། རྟ་རྒྱུགས་པའི་ལམ་དུ་མ་སོང་ན། །འགྱེལ་ལེ་དེ་དང་ཁྱད་པར་མེད། །མདའ་འཕང་བའི་ས་དེར་མ་སོང་ན། །ཆག་ལེ་དེ་དང་ཁྱད་པར་མེད། །ཁྱེད་ཁྲ་མོ་གླིང་གི་དཔའ་ཐུལ་རྣམས་མངགས་པའི་ལམ་དུ་འགྲོ་བ་ལེགས་གསུངས་ཏེ་འདུ་ར་རྣམས་སོ་སོར་གྱེས་སོ།།
དེ་ནས་འདན་མ་དང་ཁྲོ་ཐུང་གཉིས་རྒྱ་གླིང་བྱེ་མའི་ལ་ཁར་སོ་བ་ལ་བྱོན་ཏེ་རྒྱ་ཡུལ་དུ་སོ་བཙུགས་ནས་བཞུགས་པའི་སྐབས་སུ། རྒྱ་བྱ་གསུམ་གྱིས་ཡི་གེ་ཁུར་ནས་འོང་བ་ཁྲོ་ཐུང་གིས་མཐོང་སྟེ་ན་རེ། ཁྱོད་འདན་མ་མངགས་ལེ་མིན་ཏེ་དུས་ལ་བབས་པས་བྱ་དེ་གསུམ་ལ་མདའ་འདྲེན་གྱི་གླུ་ཞིག་མཛོད་དང་བསམ་དོན་འགྲུབ་པ་འདུག་ཟེར་ཙ་ན། འདན་མ་རྟ་ཁམ་ཆུང་གི་གོང་ལ་བཞུགས་ཤིང༌། གཞུ་དཀར་མོ་འཐེན་སྐྱིད་ལ་མདའ་གསེར་ལྟོང་མ་ཞིག་བཞག་ནས་གླུ་འདི་ལྟར་བླངས་སོ།།
གླུ་ཐ་ལ་ཐ་ལ་ཨ་ལ་རེད། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །བཀའ་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །འབྲེལ་ཚད་དོན་དང་ལྡན་པར་ཤོག །ང་འདྲ་ང་ངོ་མ་ཤེས་ན། །འདན་ཆོས་གླིང་དཀར་པོའི་བདག་པོ་ལ། །ངའི་མིང་ལ་འདན་མ་བྱང་ཁྲ་ཟེར། །རྒྱ་གླིང་གཉིས་ཀྱི་ལ་ཁ་ནས། །ཁྱོད་མཐོང་མ་མྱོང་བའི་བྱ་རིགས་གསུམ། །ད་ནངས་འོང་བ་གང་ནས་འོང༌། །དོ་ནུབ་འགྲོ་བ་གང་དུ་འགྲོ། །སེམས་རིག་པའི་གཏད་སོ་ཅི་འདྲ་ཡིན། །ཁམས་བཟང་པོའི་ལོ་རྒྱུས་ཅི་འདྲ་ཡོད། །བྱ་ཁྱེད་གསུམ་ལོ་རྒྱུས་ཅི་འདྲ་ཡིན། །དྲིས་པའི་སྐད་ཆ་དྲང་མོར་ཤོད། །དེ་མ་བྱས་འདིར་འོང་མ་ལོ་གདའ། །ངས་བྱ་སྤུ་གནམ་ལ་གཡེང་ལེ་གཅིག །བྱ་ཁྲག་ནམ་མཁར་གང་ལེ་གཉིས། །བྱ་ལུས་ཐང་ལ་ལྷུང་ལེ་གསུམ། །དེ་མ་བྱས་འདན་མ་མིན་རྟགས་གྱིས།།
ཞེས་གླུ་དེ་ལྟར་བླངས་ནས་མདའ་སྣ་བྱ་ལ་གཏད་པས། རྒྱ་བྱ་གསུམ་གྱིས་རྒྱ་ཡིག་འཕང་ནས་ཕྱིར་འཕུར་རོ། །དེར་འདན་མ་རྟ་ལས་འབབ་ཡུན་ལ་ཁྲོ་ཐུང་གིས་ཡི་གེའི་ཞུ་རྟེན་རྣམས་བྱི་ཁུང་ཞིག་ཏུ་སྦས་ཏེ། ད་ཡི་གེ་རྙེད་པས་ངེད་གཉིས་མངགས་པའི་དོན་གྲུབ་ཅིང་གེ་སར་རྒྱལ་པོའི་ཐུགས་དགོངས་ཀྱང་འགྲུབ་སོང་ཟེར་བཞིན་ཡིག་སྟོང་དེ་འདན་མའི་ལག་ཏུ་གཏད། དེར་འདན་མས། རྒྱ་བོད་གཉིས་ཀྱི་བར་ལ་གེ་སར་རྒྱལ་པོར་ཞུ་རྟེན་མེད་པའི་ཡིག་སྟོང་ཕུལ་ཨེ་ཕོད་ཟེར།
དེ་ནས་ཁོང་གཉིས་སྐྱིད་ལྷ་མཁར་ནང་དུ་ཕེབས་ནས་བློན་པོས་ཡི་གེ་རྙེད་ལུགས་ཞིབ་པར་ཞུས་ཏེ་ཡི་གེ་དེ་གེ་སར་རྒྱལ་པོར་ཕུལ་ཙ་ན། གེ་སེར་རྒྱལ་པོས། ངས་རྒྱ་ནག་པོའི་ཁྲིམས་མགོ་ནོན་ན། ཡིག་རྟེན་མེད་ཀྱང་ཕུལ་མི་ཕོད་པ་མེད་གསུངས་བཞིན་ཡི་གེ་ལ་གཟིགས་ནས་ཞལ་ངོ་ཚེས་ཆེན་བཅོ་ལྔའི་དུང་ཟླ་ཤར་བ་ལྟར་མཛད་ནས། ད་གཏམ་དོན་གཉིས་ཀ་མགོ་ཐུག་པས་ཚོ་དྲུག་གླིང་གི་འདུ་ར་ཞིག་བསྡུ་དགོས་གདའ་གསུངས་ནས་བཀའ་ཕབས་པ་ན། ག་དར་བློན་པོ་ཕྱིང་སྔོན་དེ་སྐྱིད་ལྷང་མཁར་གྱི་རྩེ་ལ་ཕེབས་ཏེ། དུང་སྐད་པོ་ཆེ་སྐོར་འབུད། ཁྲིམས་རྔ་བོ་ཆེ་སྐོར་རྡུང༌། དར་བོ་ཆེ་ནམ་མཁར་འཕྱར་ཏེ་ཚོ་དྲུག་གླིང་གི་འདུ་ར་སྐད་ཅིག་ལ་བསྡུས།
དེ་ནས་གེ་སར་རྒྱལ་པོ་དབུ་ལ་བཞུགས་པའི་འདུ་ར་ཁྲ་མོའི་དབུས་སུ། བློན་པོ་ཕྱིང་སྔོན་གྱིས་ཙནྡན་གྱི་ཁྲིམས་ལྕག་དེ་གནམ་ལ་འཕྱར་ནས་འདི་སྐད་གསུངས་སོ།། ཁྱོད་ཚོ་ཆེན་ལྷ་སྡེ་དཀར་པོ་རྣམས་ཉོན་ཅིག ད་རེས་རྒྱ་ཡིག་འདི་བཞིན་སླེབས་བྱུང་པས། ཡི་གེ་འདི་ཀློག་ཤེས་མཁན་ཡོད་ན་གནང་སྦྱིན་གྱ་ནོམ་པ་ཡོད། ཤེས་ཀྱང་མི་བཤད་པའི་མི་ལ་ཆད་པ་དགུ་ཅུ་གོ་དགུ་གཅོད། གལ་ཏེ་སྦས་གསང་བྱས་ན་གེ་སར་རྒྱལ་པོའི་ཡེ་ཤེས་ཀྱི་སྤྱན་གྱིས་མི་གཟིགས་པ་མེད་ཟེར་བ་ན། གཞན་སུས་ཀྱང་ཤེས་མཁན་མེད། ཤྭ་ཚང་གི་ཨུ་ནུ་ཁྲ་རྒོད་དེས་གའུ་ནང་ནས་དར་མི་གཅིག་དར་སྣ་ལྔ་བླངས་ཏེ་གེ་སར་རྒྱལ་པོ་ལ་ཕུལ་ནས་ན་རེ། འཛམ་གླིང་སེང་ཆེན་རྒྱལ་པོ་ལགས། ང་ལ་ཞུ་རྒྱུ་འདི་འདྲ་ཡོད། མ་ཞུས་ན་རྒྱལ་པོའི་བཀའ་དང་འགལ། ཞུས་ན་འབྲུག་མོའི་ཐུགས་ལ་ཕོག རྒྱ་ཡིག་པོ་ཏི་གསེར་མགོ་འདི། སྒྲོལ་མའི་སྤྲུལ་པ་འབྲུག་མོས་ཤེས། ཞེས་ཞུས་པས། འབྲུག་མོའི་ཞལ་ངོ་ནག་ཐིང་ངེར་སོང་ནས། ཀློག་མི་ཤེས་པ་རང་ནི་མི་འདུག་སྟེ། ཉམས་དགའ་སྤྲོ་བ་གང་ཡང་མི་འདུག་ཟེར་པས། གེ་སར་ན་རེ། ཡ། ཁྱོད་ནག་མོ་སྤྲ་མས་སྤྲ་ལབ་ལ། སྣང་སྲིད་ལྷ་འདྲེ་དགོད་ཤོར། གཏམ་དང་མདའ་མོ་དྲང་ན་དགའ། སེམས་ཅན་དོན་ལ་བསམ་ནས་དྲངས་མོར་བརྗོད། ཅེས་གསུངས། འབྲུག་མོས། རྒྱལ་པོའི་བཀའ་གྱེན་ལྡོག་བྱེད་མི་ནུས། ཚིག་དོན་ལ་སྦྱོར་སྡེབ། གཏམ་ལ་གཡོ་སྒྱུ་ཟེར་བ་ལྟར་དགོས་འདུག་བསམ་བཞིན་གྲལ་རབ་གཡོན་གྱི་མགོ་ནས་གུས་ཚུལ་གྱིས་བཞུགས་ཏེ། ཡི་གེའི་ཚིག་དོན་འདི་ལྟར་འདུག་ཟེར་ནས་གླུ་འདི་བླངས་སོ།།
གླུ་ཐ་ལ་ཐ་ལ་ཨ་ལ་རེད། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །འཛམ་གླིང་སེང་ཆེན་རྒྱལ་པོ་ལགས། །དེ་རིང་ཨ་འབྲུག་གླུ་ལ་གསོན། །གསོན་དང་འདྲ་མ་འདི་འདྲ་ཡོད། །ཞུ་ཟེར་ནས་དམ་ཆོས་མི་ཞུ་སྟེ། །དམ་ཆོས་འདྲ་བའི་ཚིག་གསུམ་ཡོད། །འགྱུར་བ་མེད་པའི་གཏམ་གསུམ་ཡོད། །བླ་མ་བཟང་པོའི་གསུང་ཆོས་དང༌། །ཕ་མ་བཟང་པོའི་ཞལ་ཏ་དང༌། །ང་ཚེ་གྲོགས་བཟང་པོའི་སྙིང་གཏམ་དང༌། །དེ་མི་འགྱུར་བ་ཡི་གཏམ་གསུམ་ཡིན། །ཁྲོ་ཐུང་གར་འགྲོ་ཡིག་འཁྱམས་རྙེད། །ཁ་ཏ་གར་འཕུར་ཨག་སྐད་ཡིན། །མི་ངན་གར་འགྲོ་གཏམ་ངན་བཤད། །ཁྲོ་ཐུང་ཁོ་ལ་ཡིད་ཆེས་མེད། །རྒྱ་ཡིག་པོ་ཏི་གསེར་མགོ་འདི། །བསྐུར་ནི་རྒྱ་མོ་རྣམས་ཀྱིས་བསྐུར། །ཁུར་ནི་རྒྱ་བྱ་སྤུན་གྱིས་ཁུར། །འཕྲོད་ནི་གེ་སར་དཔོན་ལ་འཕྲོད། །རྒྱལ་མོས་ཡི་གེའི་ཞུ་རྟེན་ལ། །དར་མི་གཅིག་དར་སྣ་བཅོ་བརྒྱད་དང༌། །མུ་ཏིག་དཀར་པོའི་ཕྲེང་བ་བདུན། །རིན་ཆེན་གསེར་དངུལ་གཡུ་བྱུ་རུ། །རིན་ཆེན་མང་པོ་བསྐུར་འདུག་པས། །ད་རེས་མེད་པ་གང་ན་ཐལ། །རྒྱལ་པོ་མྱ་ངན་བསང་ཤོག་ཟེར། །བཙུན་མོའི་རོ་རུལ་བཞུ་དགོས་ཟེར། །རྒྱ་ཡི་ཁྲིམས་སྒོ་འབྱེད་པར་ནི། །གླིང་རྗེ་སེང་ཆེན་རྒྱལ་པོ་ཁྱོད། །མྱུར་དུ་རྒྱ་ལ་བྱོན་དགོས་ཟེར། །རྫས་སྣ་མང་དུ་དགོས་པ་ནི། །ཡབ་སེང་བློན་རྒྱལ་པོའི་སྙིང་ཤ་དང༌། །འགག་བཟའ་ལྷ་མོའི་སྙིང་ཁྲག་དང༌། །ང་ཨ་འབྲུག་མོ་ཡི་མིག་འབྲས་དང༌། །ཚོ་ཆེན་གླིང་གི་མགོ་བོ་རྣམས། །ཤི་འཕོས་མི་ཆོག་གསོན་པོ་རུ། །ནག་པོ་རྒྱ་ལ་འཛོམས་དགོས་ཟེར། །ད་དུང་རྫས་སྣ་མང་དགོས་འདུག །ད་རྒྱལ་པོ་རང་མལ་བཞུགས་ན་ལེགས།།
ཞེས་དེ་སྐད་ཟེར་ཙ་ན། ཨ་ཁུ་སྤྱི་དཔོན་རྒྱལ་པོའི་ཐུགས་དགོངས་ལ། ངས་རྒྱལ་པོ་གེ་སར་འདི་ལ་ཅིག་མ་ཞུས་ན། བུད་མེད་ཀྱི་ཁར་རྒྱུགས་ནས་རྒྱ་ནག་གི་ཁྲིམས་མགོ་ནོན་རྒྱུ་མ་རེད་དགོངས་ནས་གླུ་འདི་ཞུས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །བཀའ་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་གྱི་རློབས་ལ་བར་ཆད་སོལ། །གླུ་འདི་གླུ་ངོ་མ་ཤེས་ན། །ང་སྤྱི་དཔོན་གྱི་དལ་བ་རིང་མོ་ཡིན། །ང་དང་ང་ངོ་མ་ཤེས་ན། །ང་སྤྱི་དཔོན་ཨ་ཁུ་ཁྲ་རྒན་ཡིན། །སྐུ་སེང་ཆེན་ནོར་བུ་དགྲ་འདུལ་ལགས། །དེ་རིང་ཨ་ཁུའི་གླུ་ལ་གསོན། །ནག་མོའི་གཏམ་ལ་བློ་གཏད་མེད། །འབྲུག་མོའི་གླུ་ལ་ཉན་མཁན་མེད། །རྒྱ་རྒྱལ་ཀ་ར་གུར་མགོན་དེ། །ཁྲིམས་གོང་བ་བཅུ་གཉིས་བདག་པོ་ཡིན། །དཔོན་དེ་འདྲས་གདན་འདྲེན་བྱུང་བས་ན། །མི་འབྱོན་ཟེར་ན་དགྲ་ལ་འགྱུར། །རྒྱ་ནག་པོའི་རྫས་སྣ་མང་པོ་འདི། །འཛོམས་པའི་ཐབས་ཤིག་ང་ཡིས་ཤེས། །ཡབ་ཡུམ་སྙིང་ཤ་སྙིང་ཁྲག་དང༌། ཨ་འབྲུག་མིག་གི་མིག་འབྲས་སོགས། །ཤི་འཕོས་མི་ཆོག་གསོན་པོ་དེ། །གླིང་རྗེ་གེ་སར་རྒྱལ་པོ་ཁྱོད། །ཡབ་སེང་བློན་ཁོག་གི་སྙིང་དང་འདྲ། །མ་འགག་བཟའི་སྙིང་ནང་ཁྲག་དང་འདྲ། །འབྲུག་མོའི་མིག་གི་འབྲས་དང་འདྲ། །ཚོ་དྲུག་ཡོངས་ཀྱི་མགོ་འདྲ་བས། །ཁྱེད་སེང་ཆེན་རྒྱ་ལ་འབྱོན་ལ་ཟེར། །དེ་མིན་རྫས་སྣ་གཞན་པ་རྣམས། །ཡུལ་ཕྱོགས་གང་སར་ཡོད་ལེ་རེད། །དེ་རྣམས་ལེན་པའི་ཐབས་ཤེས་དེ། །ཁྱེད་གེ་སར་ཐུགས་ལ་གང་དགའ་མཛོད།།
ཅེས་སྤྱི་དཔོན་རྒྱལ་པོས་གླུ་དེ་འདྲ་ཞིག་བླངས་པས། འཛམ་གླིང་གེ་སར་རྒྱལ་པོའི་ཞལ་ངོ་ཚེས་ཆེན་བཅོ་ལྔའི་དུང་ཟླ་ཤར་བ་ལྟར་སོང་ནས་སྤྲོ་བ་ཆེན་པོས་གླིང་ལྷ་སྡེ་རྣམས་ལ་གླུ་འདི་ལྟར་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །གླིང་གི་ལྷ་སྡེ་དཀར་པོ་རྣམས། །ཚུར་ཉོན་དང་ང་ཡི་གླུ་ལ་ཉོན། །རྫས་སྣ་མང་པོ་དགོས་ལེ་འདི། །འཛོམས་པའི་ཐབས་ལ་ཅི་ཞིག་བྱ། །བློ་སྔོན་ལ་དྲན་ན་རྒོད་པོ་ཡིན། །བར་དུ་དྲན་ན་འཚམ་ཙམ་ཡིན། །རྒྱབ་ཏུ་དྲན་ན་འགྱོད་པའི་གཞི། །འགྱོད་པ་ལས་ཀྱི་ཐ་མ་ཡིན། །ཁྱེད་མོ་མ་རྣམས་ཀྱིས་མོ་ཞིག་ཐོབ། །རྩིས་པ་རྣམས་ཀྱིས་རྩིས་ཤིག་གྱིས། །མི་ཆེན་རྣམས་ཀྱིས་བློ་ཞིག་དཔྱོད། །རྫས་སྣ་གང་ནས་བཏོན་ན་དྲག །དགྲ་སྣ་གང་ལ་གཏད་ན་དགའ།།
ཞེས་གླུ་དེ་ལྟར་བླངས་པ་དང༌། སྤྱི་དཔོན་གྱི་དགོངས་པར། རྫས་སྣ་དེ་ཚོ་མི་ཉག་ཡུལ་ན་ཡོད་པ་འདྲ་སྟེ། བློན་པོ་དང་མེ་བཟའ་གཉིས་ཀྱིས་དགོངས་ཨེ་ཡོང་བསམ་སྟེ་བློན་པོའི་ངོ་ལ་ལན་གསུམ་བལྟས་ཙ་ན། བློན་པོ་ཕྱིང་སྔོན་གྱིས་དགོངས་པར། སྤྱི་དཔོན་རྒྱལ་པོས་ཤེས་ཡོད་ཀྱང་ང་ལ་སྨོས་མ་བདེ་ནས་བཞུགས་འདུག་སྙམ་སྟེ་ན་རེ། ཁྱོད་མེ་བཟའ་འབུམ་སྐྱིད་མངགས་ལེ་མིན་ཏེ་དུས་ལ་བབས། གེ་སར་རྒྱལ་པོས་རྒྱ་ཡུལ་འདུལ་བའི་ཆེད་དུ་རྫས་སྣ་འདི་རྣམས་འཛོམས་དགོས་པར་འདུག་པས། ཁྱེད་མོ་དམན་རྣམས་ཁྲིད་ནས་མི་ཉག་ཡུལ་ལ་འགྲོ་དགོས་གསུངས་ཙ་ན། མེ་བཟའ་ན་རེ། མི་ཉག་ཡུལ་ལ་འགྲོ་ཆོག་སྟེ། མི་མང་པོ་སོང་བས་མི་ལེགས། གླིང་གི་མོ་དམན་བདུན་དང་འགྲོགས་ནས་འགྲོ་ཆོག དེ་ཡང་མིའི་ལུས་སུ་མིན་པར་འདབ་ཆགས་བྱ་ཡི་ལུས་བྱས་ཏེ་ནམ་མཁའི་བྱ་ལམ་བར་མ་ནས་མི་ཉག་གཡུ་རི་རྩེ་རྒྱལ་གྱི་མགོ་ལ་འགྲོ་དགོས་ཤིང༌། དེར་བསང་དང་གླུ་གར་རྩེད་མོ་སོགས་ཅི་ཡང་མ་བྱས་ན་སྨྱུག་སྦ་མོ་ཚིགས་གསུམ་དེ་ལོན་པའི་ཐབས་ཡོད་དོ་ཟེར། དེ་ནས་མེ་བཟའ་འབུམ་སྐྱིད་གཙོས་མོ་དམན་རྣམས་བྱ་གཟུགས་སུ་བྱས་ནས་ནམ་མཁའི་བྱ་ལམ་བར་མ་བཟུང་སྟེ་སྐད་ཅིག་དེ་ཉིད་ལ་མི་ཉག་གཡུ་རི་རྩེ་རྒྱལ་ལ་སླེབས། དེར་མེ་བཟས་སྨྱུག་གི་སྦ་མོ་ཚིགས་གསུམ་དེ་རྙེད་ནས་ཁུར་ཡོང་རྩིས་བྱེད་དུས། འབྲུག་མོས་མ་ཉན་པར་བསང་དང་ལྷ་བསྭོ་བྱས་པས། མི་ཉག་གཡུ་མཁར་ལྡེམ་པའི་ནང་ནས། གཡུ་རྩེ་སྟོན་པ། གཡུ་འཕྲུ། གཡུ་འོད་སྐུ་མཆེད་གསུམ་གྱིས་མཐོང་སྟེ། གཡུ་རྩེ་སྟོན་པས་དེར་ལྟ་བར་འགྲོ་དགོས་ཟེར་བ་ན། གཡུ་འོད་ཀྱིས་ལྷ་ཀླུ་གཉན་གསུམ་གྱིས་ལྷ་བསང་བཏང་བ་ཡིན་པས་ལྟ་རུ་འགྲོ་མི་དགོས་ཟེར་ཏེ་མ་སོང༌།
དེ་ནས་བུ་མོ་རྣམས་གླིང་ཡུལ་ལ་ལོག་པའི་ལམ་བར་གངས་རི་རྔམས་ཆེན་གྱི་རྩར་སླེབས་ཙ་ན། འབྲུག་མོ་ན་རེ། འདོད་པའི་རྒྱུ་རྫས་ནི་ལོན། གེ་སར་གྱི་སྐུ་དོན་འགྲུབ་སོང༌། ད་ངེད་བུ་མོ་ཚོས་བྱ་གསོབ་ཕུད་ནས་མི་གཟུགས་བྱས་ཏེ་གླུ་གར་རྩེད་མོ་སྣ་ཚོགས་བྱེད་དགོས་ཟེར་ནས་བྲོ་གར་གླུ་སོགས་བྱས་ནས་སྡོད་ཙ་ན། མེ་བཟའ་འབུམ་སྐྱིད་ཀྱིས་བསམ་པར། ཅི་བཤད་ལ་མི་ཉན་པའི་འབྲུག་མོ་འདི་རྗེ་རྒྱལ་པོའི་བར་ཆད་ཅིག་རེད་བསམ་སྟེ། ཕ་བོང་གུར་འདྲ་བ་ཞིག་གི་རྩར་བསྡད་ཙ་ན། དེ་མ་ཐག་ཏུ་ལྕགས་ཀྱི་བུ་ཆུང་ཞིག་གིས་ཁྱུང་ཞིག་བཞོན་ནས་མེ་བཟའི་རྩར་སླེབས་ཏེ་གླུ་འདི་བླངས་སོ།།
བྱང་ཁྲི་ཤོག་མེ་བཟའ་འབུམ་སྐྱིད་མ། །དེ་རིང་ང་ཡི་གླུ་ལ་ཉོན། །ང་དང་ང་ངོ་མ་ཤེས་ན། །གངས་རི་རྔམས་ཆེན་ནང་ཤེད་ནས། །གངས་རྗེ་ཁྲི་རྗེ་རྒྱལ་པོ་ཡིན། །མི་ཉག་རྒྱལ་པོའི་ཞང་པོ་ཡིན། །ཕྱི་ལ་མི་ཉག་སྒོ་སྲུང་ཡིན། །ཁྱོད་ས་ཆ་གང་ནས་ཡོང་ལེ་ཡིན། །ཡུལ་འདིར་འོང་དོན་ཅི་འདྲ་ཡིན། །ཁྱོད་ཆག་སྒོ་ཅན་ཞིག་མ་རེད་དམ། །མི་ཉག་གངས་སྒོ་བཅོ་བརྒྱད་ཡོད། །སེང་དཀར་མོ་མ་གཏོགས་ཐར་ས་མེད། །མི་ཚེ་ཟད་སྲིན་པོའི་སྒོ་རྩར་རེད། །ས་འདི་ལ་ཡོང་ལེ་མ་ལོ་གདའ།།
ཞེས་གླུ་དེ་ལྟར་བླངས་པས། མེ་བཟའ་འབུམ་སྐྱིད་ཀྱིས་རྫུན་གྱི་ལྕེ་ལེབ་བཅོ་བརྒྱད་ཤེས་པས་གླུ་འདི་ལྟར་བླངས་སོ།།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །ཕ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །གླུ་འདི་གླུ་ངོ་མ་ཤེས་ན། །ང་མེ་བཟའི་ཅོ་ཀ་དྲུག་འགྱུར་ཡིན། །ང་དང་ང་ངོ་མ་ཤེས་ན། །ཕ་ལ་མེ་ལྕེ་སྟོན་པ་ཟེར། །མ་ལ་མེ་བཟའ་ཨ་སྒྲོན་ཟེར། །ང་རང་མེ་བཟའ་འབུམ་སྐྱིད་ཡིན། །ག་དར་བློན་པོ་ཕྱིང་སྔོན་གྱིས། །ཁྲི་ཤོག་མེ་བཟའ་འབུམ་སྐྱིད་ང༌། །ཤར་མི་ཉག་ཡུལ་ལ་འགྲོ་དགོས་གསུངས། །མི་ཉག་ཕ་ཤ་གླིང་ལ་ཤོར། །བློན་པོ་ཕྱིང་སྔོན་གླིང་ལ་ཤོར། །ང་མེ་བཟའི་ཚེ་རོགས་གླིང་ལ་ཤོར། །བུ་ཤི་ཕ་མ་མཉམ་སྡུག་རེད། །ཁྱོད་མི་ཉག་གཡུ་རྩེ་སྟོན་པ་དང༌། །ག་དར་བློན་པོ་ཕྱིང་སྔོན་གཉིས། །མནའ་ནག་པོ་སྦྲེལ་བའི་ཤག་པོ་བྱས། །ཕ་མ་མི་གཅིག་རྡོ་རྗེ་སྤུན། །ཕུ་ནུ་མི་གཅིག་གྲོགས་མཆེད་རེད། །ག་དར་བློན་པོ་ཕྱིང་སྔོན་གྱིས། །ཁྱེད་དགྲ་སྣ་གླིང་ལ་ཨེ་གཏད་ཟེར། །ཕ་མེས་ཤ་ལེན་ཨེ་བྱེད་ཟེར། །བྱེད་ན་ང་ལ་ཆ་ལན་བསྐུར། །བྲོ་བརྡུང་གླུ་ལེན་བྱེད་ལེ་འདི། །གཟུགས་ཡོད་བུ་མོའི་སྤྲུལ་བ་མིན། །སྨན་མོ་རྣམས་ཀྱི་བྲོ་བརྡུང་ཡིན།།
ཞེས་མེ་བཟས་གླུ་དེ་ལྟར་བླངས་པས། དེར་གངས་རྗེ་རྒྱལ་པོས་མེ་བཟའ་ལ་ཇ་འདྲེན་ཞིག་བྱེད་དགོས་འདུག་བསམ་ཞིང་ཡོད་ཙ་ན། ན་ཆུང་ཁྲོམ་ཤོག་འབྲུག་མོས་འདིས་སྟོང་གཏམ་བཤད་པར་འདུག་བསམ་ནས་ཧབ་དགོད་ཅིག་བྱས་ཏེ་གླུ་འདི་སྐད་བླངས་སོ།།
གླུ་ཨ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ང་དང་ང་ངོ་མ་ཤེས་ན། །ང་གེ་སར་རྒྱལ་པོའི་ཇ་མ་ཡིན། །དཔའ་ཐུལ་སུམ་ཅུའི་དཔོན་མོ་ཡིན། །མོ་དམན་སུམ་ཅུའི་ཟ་དཔོན་ཡིན། །གླུ་མང་པོ་མི་ལེན་མཚམས་འཇོག་བྱེད། །རེ་རེ་མི་ལེན་ཀ་མེད་རེད། །ང་འབྲུག་མོའི་དགུ་སངས་དྲུག་འགྱུར་འདི། །མ་བབས་མི་ལ་ལེན་ལེ་མིན། །གལ་ཆེ་ནས་བུ་ཆུང་ཁྱོད་ལ་ལེན། །དམན་མེ་བཟའི་གཏམ་ལ་ཆ་བཞག་མེད། །ས་འདི་ན་བུ་མོ་གདའ་ལེ་འདི། །གླིང་གི་ཁྲ་མོ་དམན་བདུན་ཡིན། །གེ་སར་རྒྱལ་པོས་བཏང་ལེ་ཡིན། །རྒྱ་ནག་པོའི་ཡུལ་ལ་འགྲོ་མི་ཡིན། །ས་སྣ་ཆུ་སྣ་བསྡུ་མི་ཡིན། །ངས་མི་གསང་དྲང་པོའི་དྲང་བཤད་ཡིན། །ཁྱོད་གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གཏམ་གྱི་ཁ་མཚར་ཡིན།།
ཞེས་འབྲུག་མོས་གླུ་དེ་བླངས་པས། གངས་རྗེ་ཁྲི་རྒྱལ་གྱི་ཁྱུང་དེ་ཆིབས་ནས་མི་ཉག་གཡུ་མཁར་ལྡེམ་པའི་ནང་དེར་སོང་ནས་ན་རེ། ཁྱོད་མི་ཉག་གཡུ་རྩེ་སྟོན་པ་གསོན་དང་ཞུ་རྒྱུ་མཚར་པོ་ཡོད་ལགས། ཡུལ་འདི་ན་མེད་པའི་མགྲོན་གཅིག་འདུག གླིང་གི་བུ་མོ་སྤུན་བདུན་དེ་འབྲུག་མོས་འགོ་བྱས། མེ་བཟས་ལམ་རྒྱུས་བྱས་ཏེ་ས་སྣ་ཆུ་སྣ་བསྡུ་རུ་གེ་སར་གྱིས་བཏང་འདུག དེ་ནི་ཆར་སྣ་སེར་བས་ཁྲིད། དགྲ་སྣ་ཉེ་བས་ཁྲིད། གྱོད་སྣ་ཆུང་མས་ཁྲིད་ཟེར་བ་ལྟར་འདུག་པས་རྒྱལ་པོ་ཁྱེད་ལ་མོར་དེ་རྣམས་ཀྱི་རྩར་ཕེབས་དགོས་འདུག་ཟེར་ཙ་ན། མི་ཉག་རྒྱལ་པོ་ཁོང་ཁྲོའི་མེ་ལྕེ་འབར་བཞིན་ང་ཡི་ཕ་ཤ་དེ་གླིང་ལ་ཤོར་ཡོད་པས། ད་རེས་ནམ་ཕྱེད་ལ་ཉི་མ་ཤར། ཉིན་ཕྱེད་ལ་སྐར་མ་བཀྲ་ཟེར་ནས་གཡུ་རྩེ་སྟོན་པས་ནམ་མཁའ་ལ་སྤྲིན་གྱི་འཁོར་ལོ་དང༌། ས་གཞི་ལ་མེའི་འཁོར་ལོ་བསྐོར། མི་ལྤགས་ཀྱི་རྐྱལ་ཆེན་བཅོ་བརྒྱད་ཁུར། བྱ་གསོབ་གོ་བོ་གཤོག་རིང་ནང་ཞུགས་ཏེ། ཁྲག་གི་ཆར་བ་བབས། ནད་ཀྱི་ན་བུན་འཁྲིགས། གནམ་ས་ཆ་ལང་བརྡབ། བར་སྣང་འུར་སྒྲས་བཀང་སྟེ་སྐད་ཅིག་ཉིད་ལ་གླིང་གི་བུ་མོ་རྣམས་ཀྱི་རྩར་སླེབས་ཏེ་བུ་མོ་རྣམས་མི་ལྤགས་ཀྱི་རྐྱལ་བའི་ནང་བཙུད་ནས་གཡུ་མཁར་དུ་ཁྱེར་རོ།།
དེ་ནས་མི་ཉག་རྒྱལ་པོ་ན་རེ། ང་ཡི་ཕ་ཤ་དེ་གླིང་ལ་ཤོར་ཡོད་པས། གྱོད་དང་ཕ་བོང་རྒས་རྒྱུ་མེད། ད་རེས་གེ་སར་བཟུང་དང་ཁྱད་པར་མེད། འབྲུག་མོ་འདི་ཉེས་ཆེ་བ་ཡིན་པས་སྒལ་ཚིགས་ཞེ་དགུ་ལ་ལྕགས་འཛེར་ཞེ་དགུ་ཐོབས། སེན་མོ་བཅུ་ཡི་བར་ལ་ཟངས་ཐུར་བཅུ་རེ་རྒྱོབ། གཞན་རྣམས་ལ་སྲུང་བྱ་ནན་པོ་བྱོས། ཤ་རུས་པ་མེད་པ་དང༌། ཆང་སྦང་མ་མེད་པ། ཇ་ལོ་མ་མེད་རྣམས་བྱིན་ཟེར། དེ་ནས་མོ་དམན་རྣམས་སྡུག་བསྔལ་ཚད་མེད་པ་མྱོང་ནས་ཨ་རོ་ཨ་ནའི་ངང་ལ་བསྡད་ཡོད་ཙ་ན། མེ་བཟས་གའུའི་ནང་ནས་དར་ཞིག་བླངས་ཏེ་མི་ཉག་རྒྱལ་པོ་ལ་གླུ་འདི་ཞུས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །དེ་རིང་མེ་བཟའི་གླུ་ལ་གསོན། །ཁྱོད་ཕ་མེས་བཟང་པོའི་བུ་རྒྱུད་རེད། །གོ་བ་ཅན་གྱི་མི་གཅིག་རེད། །སྐྱེས་བུད་མེད་ཐུབ་པས་དགྲ་ཐུབ་མིན། །སྐྱེས་བུད་མེད་དགྲ་ཐུབ་བྱས་པ་ན། །སྟོད་ཀྱི་རྒྱ་གར་རྒྱལ་པོ་དང༌། །སྨད་ཀྱི་རྒྱ་ནག་རྒྱལ་པོ་དང༌། །བར་གྱི་བལ་བོའི་རྒྱལ་པོ་སོགས། །ཡུལ་ཁམས་ཀུན་གྱིས་གོ་ནས་འགྲོ། །ཕྱི་ལ་མི་ཁ་ཆེ་ནས་འོང༌། །ཕ་ཤི་བུ་དང་ཕ་བསད་བུ། །དམག་རྐུ་འོང་བ་ལ་ཐང་མེད། །ཁྲ་མོ་གླིང་དང་མི་ཉག་ཡུལ། །དེ་གཉིས་མདུན་མ་གཏམ་རྒྱུ་ཡོད། །ཉེས་པ་མེད་པའི་མོ་དམན་རྣམས། །དེ་རིང་མེ་བཟའི་ངོ་ལ་ཐོངས།།
ཞེས་ཟེར་བ་ན། མི་ཉག་རྒྱལ་པོའི་ཞལ་ངོ་གསལ་ལྷང་ངེར་སོང་སྟེ་ན་རེ། ཁྱོད་མེ་བཟའ་འབུམ་སྐྱིད་བདེན་ནོ། །དེས་ན་ཁྱོད་ཀྱིས་ཅི་བསམ། བློན་པོ་ཕྱིང་སྔོན་གྱིས་ཅི་དགོངས་ཟེར་བས། དེར་མེ་བཟའ་འབུམ་སྐྱིད་ཀྱི་བསམ་པར་ངས་བློ་ཐབས་ཤིག་མ་བྱས་ན་གླིང་གི་བྱེས་དོན་མི་འགྲུབ་པ་འདུག་བསམ་སྟེ། ན་རེ། རྒྱལ་པོ་ཆེན་པོ་ལགས། བློན་པོ་ཕྱིང་སྔོན་གྱིས་ཁྱོད་ཀྱི་ཚེ་རོགས་དང་ངའི་དཔོན་པོ་གླིང་ལ་ཤོར་བས། ཤ་ཤོར་དང་རྒྱུ་ཤོར་གྱི་ར་མདའ་ཞིག་མྱུར་དུ་དགོས་པ་ཡོད་གསུངས་པས། ཁྱོད་རྒྱལ་པོས་ཀྱང་ཐུགས་དགོངས་དེ་འདྲ་ཞིག་ཡོད་ན། བདུད་དམག་དང༌། མི་ཉག་གཉིས་དགྲ་སྡོང་བྱས་ཏེ་མྱུར་དུ་འགྲོ་ན་ལེགས་ཞུས་པས། དེར་མི་ཉག་རྒྱལ་པོས་བདུད་དམག་དང་མི་ཉག་གཉིས་དགྲ་སྡོང་བྱེད་པའི་ཐབས་ཨེ་ཡོད་ཟེར་ཙ་ན། མེ་བཟའ་ན་རེ། རྒྱལ་པོ་ཁྱེད་བྱང་གླིང་སྟག་གི་ས་ཆ་ལ་ཕེབས་དང༌། དེར་བློན་པོ་ཕྱིང་སྔོན་གྱི་བདུད་ཁྲི་སྐོར་བཅུ་གཉིས་ལ་ཁྲལ་སྡུད་པའི་སྐབས་ཡིན་པས། ཁྱེད་ཤག་བཤེས་གཉིས་ཀྱིས་བཀའ་གྲོས་ཞིབ་ཏུ་མཛད་ན་དགྲ་མི་ཐུབ་པ་ག་ལ་སྲིད། གླིང་ལ་དགྲ་ཐུབ་ན་རྒྱ་དཀར་ནག་སོགས་ཡུལ་ཁག་བཅོ་བརྒྱད་ཀྱིས་མ་ལོན་པའི་ཨ་འབྲུག་གི་སྐྲ་བདག མོ་དམན་རྣམས་ཀྱི་མགོ་དཔོན། ཚོ་ཆེན་གླིང་གི་དཔོན་པོ་འོང་བ་ཞིག་ཐག་གིས་ཆོད་ཞུས་ཙ་ན། དེར་མི་ཉག་རྒྱལ་པོས་མི་ལྤགས་རྐྱལ་ཆེན་བཅོ་བརྒྱད་ཁུར། ཤིང་གི་གོ་བོ་གཤོག་རིང་ནང་ལ་ཞུགས་ནས་དེ་མ་ཐག སྤྲིན་ཆར་གློག་གསུམ་དང༌། འབྲུག་སེར་ཐོག་གསུམ་དང་བཅས་བདུད་ཀྱི་ཡུལ་ལ་ཆས་སོ།།
དེ་ནས་མེ་བཟས་བུ་མོ་རྣམས་ཀྱི་ལུས་ལ་གཟེར་བཏབ་པ་རྣམས་བསལ། ཕུན་སུམ་ཚོགས་པའི་ཟས་དྲངས་ཏེ་བདེ་བ་ལ་བཀོད། རྒོད་ཐང་དཀར་ཀྱི་གསོབ་རྣམས་ལུས་ལ་བསྐོན་ནས་ཁྱེད་རྣམས་མྱུར་བར་བྱ་ལམ་གོང་མར་ཞུགས་ཏེ་གླིང་དཀར་སྟོད་ལ་སོང༌། གླིང་རྗེ་ལ་རྒྱུ་མཚན་ཐམས་ཅད་ཞིབ་པར་ཞུས་ཟེར་ནས་བུ་མོ་རྣམས་བཏང་ངོ༌།།
དེའི་ཚེ་གཡུ་རྩེ་སྟོན་པ་བྱང་གླིང་སྟག་གི་ས་ཆའི་ནམ་མཁའི་དབྱིངས་སུ་སླེབས། དེར་བདུད་སྡེ་ཁྲི་སྐོར་བཅུ་གཉིས་སྐར་ཚོགས་ཐང་ལ་ལྷུང་བ་ལྟར་འདུག་པས། མེ་བཟའ་འདི་གང་ཟེར་ཐམས་ཅད་བདེན་ངེས་པའི་བུ་མོ་ཞིག་ཡིན་འདུག་བསམ་སྟེ། ནམ་མཁའ་ལས་དཔག་ཚད་གཅིག་ཙམ་མར་བབས་ཏེ་གླུ་འདི་བླངས་སོ།།
ཡེ་ཡེ། ང་བཙན་གྱི་གླུ་འདི་ཡ་དང་ཡེ། །བཙན་རིགས་མིན་པ་ལེན་ལེ་མིན། །ཕོ་ང་དང་ང་ངོ་མ་ཤེས། །ཤར་མི་ཉག་གི་གཡུ་རྩེ་སྟོན་པ་ཡིན། །བྱ་ངང་པ་བྱང་ལ་འོང་ལེ་འདི། །མཚོ་མེ་ལོང་ཡིད་ཀྱི་གཏད་ས་བྱས། །དམན་མེ་བཟའ་མི་ཉག་ཡུལ་ལ་འོང༌། །ཁྱོད་ག་དར་བློན་པོའི་བསམ་འདུན་བཤད། །ང་ད་ནངས་མི་ཉག་ཡུལ་ནས་འོང༌། །དོན་ཆེན་པོ་ཞིག་གི་དོན་དུ་ཡིན། །ག་དར་བློན་པོ་ཕྱིང་སྔོན་ཁྱོད། །རི་ལ་ཡོད་ན་ཐང་ལ་བྱོན། །ཁྱིམ་ན་ཡོད་ན་སྒོ་ལ་བྱོན། །ཤག་པོའི་མནའ་ཡང་མི་ཟ་བསམ། །དོན་ཐོག་ཡོད་ན་བསུ་བར་ཤོག།
ཅེས་གླུ་དེ་བླངས་ཙ་ན། ག་དར་བློན་པོ་ཕྱིང་སྔོན་གྱི་དགོངས་པ་ལ། ཨ་ཨ་ནམ་མཁའི་སྒྲ་འདི་མི་ཉག་གཡུ་རྩེ་སྟོན་པ་ཡིན་པ་འདྲ་སྙམ་ཏེ། དབུ་ཞྭ་དང་ན་བཟའ་གསོལ། བ་སོ་དཀར་པོའི་ཕྲེང་བ་ལ་རིགས་གསུམ་མགོན་པོའི་བསྙེན་པ་བགྲང་བཞིན་ཁྲི་ཐོག་ནས་འགྱིང་འདུག་ཅིག་བྱས་ཏེ། ནམ་མཁར་གཟིགས་ནས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ཁྱོད་མི་ཉག་གཡུ་རྩེ་སྟོན་པ་ལགས། །དུས་དེ་རིང་ང་ཡི་གླུ་ལ་གསོན། །ང་དང་ང་ངོ་མ་ཤེས་ན། །ང་ག་དར་བློན་པོ་ཕྱིང་སྔོན་ཡིན། །དཔོན་པོ་ཀླུ་བཙན་རྒྱལ་པོ་དང༌། །ང་ག་དར་བློན་པོ་ཕྱིང་སྔོན་གཉིས། །དཔོན་གཡོག་མགོ་སྐེ་འབྲལ་མེད་ཡིན། །སྐྱིད་དུས་རྟ་ཁ་མཉམ་གཤིབ་བྱས། །སྡུག་དུས་ཁུར་པོ་མཉམ་ཁུར་ཡིན། །བདུད་ཀླུ་བཙན་ཕོ་ལོ་དགུ་ཡི་དུས། །ཕོ་ཡི་དགུ་སྐེག་དེ་དུས་བྱུང༌། །མོ་ཡི་བདུན་ཟུར་དེ་དུས་བྱུང༌། །ང་ཡི་དཔོན་པོ་ཀླུ་བཙན་དེ། །གེ་སར་རྒྱལ་པོས་བཀྲོང་ནས་ཐལ། །ཉི་མ་དེ་ཡི་ཚུན་ཆད་ནས། །དཔོན་ཀླུ་བཙན་མིན་པ་དྲན་རྒྱུ་མེད། །ཤ་ཤོར་གྱི་ར་མདའ་ཨེ་འོང་བསམ། །རྒྱུ་ཤོར་གྱི་ར་མདའ་ཨེ་འོང་བསམ། །ཤར་མི་ཉག་གཡུ་རྩེ་སྟོན་པ་ཁྱོད། །དེ་རིང་ང་ཡི་སྒར་ལ་ཕེབས། །ལྷ་ངོ་ཡག་ལ་བདེན་གཏམ་ཡོད། །ཁ་ཏ་ཡག་ལ་རྒྱུས་གཏམ་ཡོད། །ཅེས་ཟེར་ཏེ་ག་དར་བློན་པོ་ཕྱིང་སྔོན་གྱིས་མི་ཉག་གཡུ་རྩེ་སྟོན་པར་རོགས་བྱས་ཏེ་གླིང་ལ་དམག་བྱེད་པར་གྲོས་ཁ་འཆམ་ཁུལ་བྱས་སོ།།
དེའི་དུས་སུ་གླིང་གི་བུ་མོ་རྣམས་བྱ་ལམ་གོང་མ་ནས་འོང་པས་ལམ་ནོར་ཏེ་ཨ་སྟག་འཁྱིལ་བའི་ཡུལ་དུ་སླེབས། དེར་གཡུ་རྩེ་སྟོན་པས་མཐོང་སྟེ་གླིང་གི་བུ་མོ་རྣམས་འདིར་སླེབས་འདུག་སྙམ་ནས་ཁྲས་བྱེའུ་འདེད་པ་ལྟར་འོང་བའི་སྐབས་སུ། ནིས་ཆུང་མས་ཨ་སྟག་ཀླུ་མོ་ལ་སྐྱབས་རོགས་ཞུ་ཟེར་ནས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ས་འདི་ས་ངོ་མ་ཤེས་ན། །བྱང་ཨ་སྟག་འཁྱིལ་བའི་ས་ཆ་རེད། །མཁར་འདི་མཁར་ངོ་མ་ཤེས་ན། །སྤང་མཁར་ནག་པོ་དགུ་ཤོག་རེད། །མཁར་དེ་འདྲ་ཅན་གྱི་རྩ་བ་ན། །ཐག་རྒྱ་ལམ་འདྲ་ཞིག་འཐག་མཁན་དེ། །བྱང་ཨ་སྟག་ཀླུ་མོ་ཨེ་ཡིན་ནམ། །ཡིན་ན་ང་ཡི་གླུ་ལ་གསོན། །ང་དང་ང་ངོ་མ་ཤེས་ན། །ཨ་ཆུང་བུ་མོ་ནིས་ཆུང་ཡིན། །ངེད་གླིང་གི་ཁྲ་མོ་དམན་བདུན་འདི། །གེ་སར་རྒྱལ་པོས་བཏང་ལེ་ཡིན། །རྒྱ་ནག་པོའི་ཡི་གེ་སླེབས་ནས་བྱུང༌། །གེ་སར་རྒྱ་ལ་འབྱོན་དགོས་ཟེར། །རྒྱ་ནག་པོར་མཁོ་བའི་རྫས་སྣ་རྣམས། །ཤར་མི་ཉག་ཡུལ་ལ་ཡོད་ནས་འདུག །དེ་ཨེ་ལོན་བསམ་ནས་བཏང་བ་རེད། །མི་ཉག་ཁྲིམས་ཞབས་བཞག་ནས་བྱུང༌། །ཁྲིམས་དེ་ཡི་ཞབས་ནས་ཐར་ལེ་ཡིན། །ལམ་ནོར་ནས་བྱང་ཡུལ་སྟོད་ལ་སླེབས། །ངེད་བུ་མོ་རྣམས་ཀྱི་སྲོག་བསྐྱབ་ཞུ།།
ཞེས་གླུ་དེ་བླངས་ཙ་ན། བྱང་ཨ་སྟག་ཀླུ་མོས་ལུས་ལ་འཁོར་གསུམ་གོན། ཟངས་གཞུ་གཟི་ལིང་འབྲུག་གྲགས་ལ་ཟངས་མདའ་དམར་པོ་མེ་ལྕེ་འཕུར་ཤེས་བཞག་སྟེ། གཡུ་རྩེ་སྟོན་པ་ལ་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །དམན་ང་དང་ང་ངོ་མ་ཤེས་ན། །བྱང་གླིང་གཉིས་ཀྱི་ས་མཚམས་ན། སྤང་མཁར་ནག་པོ་དགུ་ཤོག་ནང༌། །ང་ཨ་སྟག་འཁྱིལ་བའི་ཀླུ་མོ་ཡིན། །ས་འདི་ས་ངོ་མ་ཤེས་ན། །ང་ཨ་སྟག་ཀླུ་མོའི་ས་ཆ་ཡིན། །དགྲ་ཇག་གཉིས་ཀྱི་འགྲིམ་ལམ་ལ། །ཚོང་མགྲོན་པོས་འགྲིམ་པ་མ་ལོ་གདའ། །ཤར་མི་ཉག་གཡུ་རྩེ་རྒྱལ་པོ་ཁྱོད། །ས་འདི་ལ་འོང་བ་མ་ལོ་གདའ། །མི་གཞན་ལ་བརྙས་བཅོས་འགྲོ་ལེ་དེ། །ང་ཨ་སྟག་ལ་མི་འགྲོ་ཐག་ཆོད་ཡིན། །ཁོང་གླིང་གི་བུ་མོ་སྤུན་བདུན་དེ། །རང་ཡུལ་གླིང་ལ་མ་བཏང་ན། །ང་ཨ་སྟག་གི་ཟངས་མདའ་འཕུར་ཤེས་ལས། །ཁྱོད་གཡུ་རྩེ་ཐར་བའི་རེ་བ་མེད།།
ཞེས་ཟེར་ནས་མདའ་ཚད་ཙམ་བྱས་པ་དང༌། གཡུ་རྩེ་སྟོན་པ་ཤིན་ཏུ་བྲེད་ནས་བྱ་འཕུར་བ་ལྟར་རང་ཡུལ་ལ་བྲོས་སོང་ངོ༌།། དེ་ནས་ཨ་སྟག་གིས་བུ་མོ་རྣམས་གླིང་གི་ས་ཐོག་བར་དུ་སྐྱེལ་མ་བྱས་ནས་བཏང་ངོ༌།།
ག་དར་བློན་པོ་ཕྱིང་སྔོན་གྱིས་མེ་བཟས་མི་ཉག་རྒྱལ་པོར་མགོ་བསྐོར་དེ་འདྲ་བྱས་འདུག་པས། ད་གླིང་རྗེ་རྒྱལ་པོའི་མདུན་ལ་འགྲོ་དགོས་འདུག་བསམ་སྟེ། ཁོང་གི་བློན་པོ་རྣམས་ལ་བཀའ་བསྒོས་ཤིང་གླིང་ཡུལ་ལ་འགྲོ་བའི་ལམ་ལ་ཆས་ཏེ་སྟག་གི་ཟླ་བའི་ཚེས་གསུམ་ལ་སྐྱིད་ལྷ་མཁར་ནང་དུ་ཕེབས། དེར་གེ་སར་རྒྱལ་པོའི་མདུན་དུ་གོང་གི་གནས་ཚུལ་རྣམས་ཞིབ་པར་ཞུས་ཤིང༌། མེ་བཟས་མི་ཉག་རྒྱལ་པོར་མགོ་སྐོར་བཏང་བའི་རྫུན་མཐའ་མ་མནན་ཐབས་མེད་པ་ཞིག་འདུག་སྙམ་སྟེ། ངས་མི་ཉག་རྒྱལ་པོར་ཤིན་ཏུ་ལེགས། ཉིན་ཉེར་གཅིག་གི་ཉིན་ངས་བདུད་དམག་ཁྲིད་ནས་མི་ཉག་ལ་ཡོང་ལབ་སྟེ་གཡུ་རྩེ་རང་ཡུལ་ལ་བཏང་བ་ཡིན། དེས་ན་ང་རང་མི་ཉག་ཡུལ་ལ་སོང་ནས། མི་ཉག་རྒྱལ་པོ་གླིང་ལ་ཁྲིད་ནས་ཡོང་ཟེར་ཙ་ན། གེ་སར་རྒྱལ་པོས། ཤར་མི་ཉག་ཡུལ་དུ་འགྲོ་བ་ལ་བྱ་བ་རྣམས་མ་འཆུག་པར་མཛོད་གསུངས་ནས་ཞལ་བཀོད་མཛད་དོ།།
དེ་ནས་བློན་པོ་ཕྱིང་སྔོན་གཡུ་རྩེའི་ཕོ་བྲང་དུ་སླེབས་ཏེ་གཡུ་རྩེ་རྒྱལ་པོ་ལ་དར་ཞིག་ཕུལ་ནས་རྒྱལ་པོ་སྐུ་མཆེད་ཁམས་བཟང་བར་བཞུགས་སམ་ཟེར་བས། གཡུ་རྩེ་སྟོན་པ་དགའ་སྤྲོ་བླ་ལྷག་ཏུ་ལྡན་པ་བྱུང་སྟེ། ད་ལན་ཉིན་བདུན་གྱི་རིང་བློན་པོ་ལ་སྟོན་མོ་རྒྱ་ཆེན་པོ་བཤམ་སྟེ་ཐུགས་དགྱེས་པར་བྱེད་དགོས་ཟེར་ནས་དགའ་སྟོན་ཕུན་སུམ་ཚོགས་པ་བཤམས། དེ་ནས་གཡུ་རྩེ་རྒྱལ་པོས། བློན་པོ་ཕྱིང་སྔོན་ལགས། གླིང་ལ་དམག་རྒྱག་པར་ཐབས་ཅི་འདྲ་ཞིག་དགོས་ཟེར་བར། བློན་པོ་ན་རེ། ལོ་ཟད་ཟླ་ཟད་ཉི་ཤུ་དགུའི་ཉིན་ཁྱེད་སྐུ་མཆེད་གསུམ་དང༌། གངས་རྗེ་ཁྲི་བཙན་བཅས་ངེད་རང་དཔོན་སློབ་ལྔ་ཆས་ན་ཤིན་ཏུ་ལེགས་ཟེར་བ་དང༌། གཡུ་འོད་སྟོན་པ་ན་རེ། གེ་སར་རྒྱལ་པོ་འདི་གོང་མ་ལྷ་ཡི་སྲས་པོ་ཡིན། དབུ་ནག་བོད་ཀྱི་མགོན་སྐྱབས་ཡིན། རྒྱ་བོད་གཉིས་ཀྱི་མགོ་འཛིན་ཡིན་པས་དེ་ལ་འགྲན་ཡ་ཚད་ཡ་བྱེད་མི་ཉན། རྒྱལ་པོ་རང་མལ་བཞུགས་ན་ལེགས། ངས་ནི་གེ་སར་ལ་སྐྱབས་འཚོལ་བ་ལས་ཚད་འཛུག་མི་ནུས་པས་གླིང་ལ་མི་འགྲོ་ཟེར། དེའི་མཚན་ལ་གཡུ་རྩེ་སྟོན་པ་རྨི་ལམ་འཁྲུགས་ཏེ་ཞོགས་པར་བློ་མ་བདེ་བར་ཡོད་ཙ་ན། མེ་བཟས། རྒྱལ་པོ་ལགས། ད་ནངས་སྔོན་དུས་དང་མི་འདྲ་གདའ་བས་ཐུགས་ལ་ཅི་མངའ་ཞུས་པས། རྒྱལ་པོས། མདང་ནུབ་ཉལ་བའི་རྨི་ལམ་ལ། །མི་ཉག་གི་གངས་རི་རྔམས་ཆེན་དེ། །ཁྲི་གདུགས་ཉི་མས་ཞུས་པ་རྨིས། །མི་ཉག་གི་རྫ་རི་སྨུག་པོ་དེ། །གནམ་ལྕགས་ཐོག་གིས་གཏོར་བ་རྨིས། །རྨི་ལམ་མ་བཟང་རྨི་ལམ་ངན། །ཁོང་གཡུ་འོད་གསུངས་དང་ཁྱད་པར་མེད། །ད་དགྲ་ལས་རང་མལ་བསྡད་ན་དགའ། །ཁ་མཆུ་མེད་ན་རྒོད་པོ་ཡིན། །བུ་ལོན་མེད་ན་ཕྱུག་པོ་ཡིན། །ཟེར་ཙ་ན། མེ་བཟས་དར་སྣ་དགུ་རྒྱལ་པོ་ལ་ཕུལ་ནས་གླུ་འདི་བླངས་སོ།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །གླུ་འདི་གླུ་ངོ་མ་ཤེས་ན། །ང་མེ་བཟའི་སྐྱོ་དགའ་དྲུག་འགྱུར་ཡིན། །ང་དང་ང་ངོ་མ་ཤེས་ན། །ཁྲི་ཤོག་མེ་བཟའ་འབུམ་སྐྱིད་ཡིན། །ཚེ་སྟོད་ཀླུ་བཙན་ཇ་མ་བྱས། །དཔོན་ཀླུ་བཙན་མ་དབང་གླིང་ལ་ཤོར། །ཚེ་སྐེད་གླིང་དཀར་སྟོད་ལ་འཁྱར། །ཚེ་སྨད་མི་ནག་ཡུལ་ལ་འཁྱར། །དུས་ད་རུང་གར་འཁྱར་མི་ཤེས་གདའ། །མི་ཉག་གཡུ་རྩེ་སྟོན་པ་ལགས། །དེ་རིང་ང་ཡི་གླུ་ལ་གསོན། །ཁྱེད་མདང་གསུམ་རྨི་ལམ་བྱུང་ལེ་དེ། །རྨི་ལམ་མ་རེད་མངོན་ཤེས་རེད། །རྟགས་དང་རྟེན་འབྲེལ་འགྲིག་པ་རེད། །ལས་དང་སྨོན་ལམ་འཛོམས་པ་རེད། །དགྲ་ལ་ཕྱི་བཤོལ་མ་བྱེད་པར། །ཁྱེད་རྒྱལ་བློན་སྔོན་མའི་བཀའ་གྲོས་དེ། །མ་བཞུགས་ལ་མོར་འབྱོན་རྒྱུ་མཛོད།།
ཅེས་གླུ་དེ་ལྟར་བླངས་པ་དང༌། གཡུ་རྩེ་རྒྱལ་པོས། བློན་པོའི་གསུང་དང་མེ་བཟའི་གླུ་ལ་འཁྲུལ་བ་མེད། ཁྲ་མོ་གླིང་ལ་ཉི་མ་དང་ཆུ་ཚོད་མ་ནོར་པ་བྱེད་ནས་འགྲོ་བ་གལ་ཆེ་ཟེར་ནས་གླིང་ལ་འགྲོ་རྒྱུར་ཐག་བཅད་དོ།།
སྐབས་དེར་སྐྱིད་ལྷ་མཁར་གྱི་གཟིམ་ཆུང་བཀྲ་ཤིས་གཡང་འཁྱིལ་ནང་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་གཟིམ་ཡོད་པའི་སྐབས་སུ། སྤྲིན་དཀར་པོ་ལིང་ངེ་བ་ཞིག་གི་སྟེང་ནས་མ་ནེ་ནེ་རྣམ་སྨིན་དཀར་མོས་ལུང་བསྟན་གྱི་གླུ་འདི་གསུངས་སོ།།
གླུ་སྣ་བླ་མ་བཟང་པོས་སྐྱོངས། །གླུ་འདིའི་གླུ་ངོ་མ་ཤེས་ན། །མ་ནེ་ནེའི་འབང་གླུ་ཁྲ་ཆུང་ཡིན། །དེ་རིང་ང་ཡི་གླུ་ལ་གསོན། །ཁྱོད་མ་གཟིམ་ལ་མོར་ཡར་ལ་ལོངས། །གཉིད་པའི་བུ་ལ་ཡོན་ཏན་མེད། །རྨ་དེ་ཡག་སྟག་ཐང་ཁྲ་མོ་ལ། །ཚོ་ཆེན་གླིང་གི་འདུ་ར་སྡུས། །ལྷ་གུར་མཐོང་བ་དོན་ལྡན་ཕུབ། །སྐུ་ཡི་སྤྲུལ་བ་གུར་ནང་བཞུགས། །ཐུགས་མ་གཡེང་ནམ་མཁའི་དབྱིངས་ལ་གཟིགས། །ཉི་མ་ཉིན་ཕྱེད་སོང་ཙ་ན། །མི་ཉག་གླིང་ལ་འོང་ལེ་ཡོད། །བློན་པོ་ཕྱིང་སྔོན་ཡོད་པའི་ཐད། །ལྷ་དར་དཀར་པོ་བཙུགས་ནས་ཡོད། །གཡུ་རྩེ་སྟོན་པ་ཡོད་པའི་ཐད། །ལྷ་དར་དམར་པོ་བཙུགས་ནས་ཡོད། །གཡུ་འཕྲུ་སྟོན་པ་ཡོད་པའི་ཐད། །ལྷ་དར་སེར་པོ་བཙུག་ནས་ཡོད། །གངས་རྗེ་ཁྲི་བཙན་ཡོད་པའི་ཐད། །ལྷ་དར་ནག་པོ་བཙུགས་ནས་ཡོད། །མི་དང་རང་གཉིས་མ་ནོར་དགོས། །མི་ཉག་རྒྱལ་པོ་ཆམ་ལ་ཕོབས། །གཡུ་འོད་སྟོན་པ་བསྐྱུར་ལ་ཞོག །མེ་བཟའ་གླིང་ལ་ཁྲིད་ནས་ཤོག །རྒྱ་ལ་མཁོ་བའི་རྫས་རྣམས་ལོངས། །མི་ཉག་ཡུལ་ཁམས་ཆོས་ལ་བཀོད།།
ཟེར་ནས་ལུང་བསྟན་གྱི་གླུ་དེ་བླངས་པ་དང༌། གེ་སར་གྱིས་འདན་མ་བྱང་ཁྲ་ལ། ཁྱོད་མངགས་ལེ་མིན་ཏེ་དུས་ལ་བབས། གླིང་ཚོ་དྲུག་གི་འདུ་ར་ལ་མོར་སྡུས་གསུངས་ཏེ་གླིང་གི་འདུ་ར་བསྡུས། སྟག་ཐང་ཁྲ་མོར་ལྷ་གུར་མཐོང་བ་དོན་ལྡན་ཕུབ་ཅིང༌། གེ་སར་རྒྱལ་པོ་གསེར་ཁྲིའི་སྟེང་བཞུགས་ཏེ་མ་ནེ་ནེའི་ལུང་ལྟར་མཛད་དོ།།
དེ་ནས་གཡུ་འོད་སྟོན་པ་མི་ཉག་རང་ཡུལ་དུ་བསྡད། གཡུ་རྩེ་དང༌། གཡུ་འཕྲུ། གངས་རྗེ་ཁྲི་བཙན། བློན་པོ་ཕྱིང་སྔོན་རྣམས་ཤིང་བྱ་གོ་བོའི་གསོབ་ནང་ཞུགས་ཏེ་ཐོག་སེར་གློག་འཁྱུག་ན་བུན་དང་བཅས་གླིང་གི་ཡུལ་དུ་འོངས། དེ་ནས་གླིང་གི་སར་སླེབས་སྐབས་གཡུ་རྩེ་སྟོན་པས་ཐོག་རྔམ་པོ་ཆེ། མགོ་བོ་རྡོ་རྗེ་ཕ་ལམ་འདྲ་བ། སྨད་ལ་ཚ་ཚ་དམར་པོ་ཕྲོམ་ཕྲོམ་འཕྲོ་བ་ཞིག་ནམ་མཁའི་དབྱིངས་སུ་བཟུང་སྟེ་གླུ་འདི་བླངས་སོ།།
ཡེ་གཅིག་ཡེ་གཉིས་ཡེ་དང་གསུམ། །ཡ་དང་ཡེ་འདི་བཙན་གྱི་གླུ། །བཙན་རིགས་མིན་པ་ལེན་ལེ་མིན། །ང་དང་ང་ངོ་མ་ཤེས་ན། །ཤར་མི་ཉག་ཡུལ་ནས་ཡོང་ལེ་ཡིན། །ངའི་མིང་ལ་གཡུ་རྩེ་སྟོན་པ་ཟེར། །ཁར་ཉིན་ཉི་མའི་དང་པོ་ལ། །གླིང་ནས་བུ་མོ་སྤུན་བདུན་བྱུང༌། །སྨྱུག་གི་སྦ་མོ་ཚིགས་གསུམ་དེ། །དོན་མེད་གླིང་གིས་ཅི་ལ་ཁུར། །ང་ཤ་ཤོར་གྱི་ར་མདའ་འོང་ལེ་ཡིན། །རྒྱུགས་ཤག་ཤག་རྟ་ཕོ་བྱང་མ་ཡིན། །འཐབ་ཤག་ཤག་དགྲ་བོ་ངོ་ནག་ཡིན། །ཁྱོད་ཁྲ་མོ་གླིང་གི་ཧམ་པ་ལ། །དོན་མེད་ཀྱི་སྙད་འདོགས་ཅི་ལ་བྱེད། །ཉེས་མེད་ཀྱི་ཆད་པ་ཅི་ལ་བཅད། །བདེན་པ་གཡུ་རྩེ་ང་ལ་ཡོད། །ལན་པ་ཁྲ་མོ་གླིང་ལ་ཡོད། །ངའི་ལག་གི་ཐོག་རྒོད་འབར་བ་འདིས། །རི་རབ་ཡིན་ཡང་རྩེ་ནས་བཤིག །རྒྱ་མཚོ་ཡིན་ཡང་གཏིང་ནས་དཀྲུགས། །སྡེ་གླིང་རུ་སྐར་ཚོགས་ཤར་འདྲ་འདིར། །རི་ལ་ཆགས་འཇིག་གཏོང་རྒྱུ་ཡིན། །ས་ལ་སྟེང་འོག་བསྒྱུར་རྒྱུ་ཡིན། །ལས་དེ་འདྲ་བ་ཞིག་མ་བྱས་ན། །ང་མི་ཉག་སྐྱེས་དང་མ་སྐྱེས་མེད།།
ཅེས་ཟེར་བ་དང༌། བློན་པོ་ཕྱིང་སྔོན་གྱིས། དོན་མེད་པའི་མི་ཤ་དགོས་དོན་མེད། ཁྱོད་ཀྱི་འདོད་པའི་རྒྱུ། དགའ་བའི་ཟས། སྤྲིན་དཀར་ཐོད་ལ་བཟུང༌། ས་ནག་པོ་འདོམ་ལ་འཇལ་ཏེ་འོང་བའི་དོན་དེ་གེ་སར་རྒྱལ་པོ་ཡིན་པས། ཁོང་མ་གིའི་གུར་དཀར་པོ་དེའི་ནང་ལ་ཡོད་འདུག དེ་ལ་རྒྱོབས་དང་ལས་དོན་འགྲུབ་པ་ཡིན་ཟེར་བས་དེར་ཐོག་བརྒྱབ་པས་ལྷ་གུར་མཐོང་བ་དོན་ལྡན་ལ་རླུང་ཕོག་པ་ཙམ་ཡང་མ་གནོད་པར་སྔར་ལྟར་བཀྲ་ལམ་མེར་གནས།
དེ་ནས་ཚ་ཞང་འདན་མ་བྱང་ཁྲ་དེ་འཁོར་གསུམ་སྐུ་ལ་གསོལ་ནས་སྐྱིད་ལྷ་མཁར་གྱི་རྩེ་མོ་ནས། གཞུ་ཆུང་དཀར་མོ་འཐེན་སྐྱིད་ལ་མདའ་གསེར་ལྟོང་མ་ཞིག་བཞག་ནས་མི་ཉག་རྒྱལ་པོ་ལ་གླུ་འདི་བླངས་སོ།།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ང་དང་ང་ངོ་མ་ཤེས་ན། །ཚ་ཞང་འདན་མ་བྱང་ཁྲ་ཡིན། །ཁྱོད་ས་འདིར་འོང་བ་མ་ལོ་གདའ། །སྲོག་ལ་མཐོ་འཇལ་བྱེད་མི་རེད། །ཚེ་ལ་ཉོ་ཚོང་བྱེད་མི་རེད། །གཞུ་མོ་དཀར་མོ་འཐེན་སྐྱིད་ནང༌། །མདའ་གསེར་ལྟོང་མ་ཞིག་བཞག་ལེ་འདི། །དུས་དེ་རིང་ཁྱོད་ཀྱི་སྟེང་ལ་འཕེན། །མདའ་གཅིག་འཕེན་འབེན་ལ་མ་ཕོག་ན། །གཉིས་འཕེན་མཐེབ་མོ་ཚ་རོགས་རེད། །གཞན་སུ་ལ་མེད་པའི་ཤིང་བྱ་དེ། །ལྕགས་ལྷུ་དགུ་གནམ་ལ་གཏོར་རྒྱུ་ཡིན། །དེ་མ་བྱས་འདན་མ་མིན་པའི་རྟགས།།
ཞེས་ཟེར་ནས་མདའ་འཕང་པ་དང༌། ཤིང་བྱའི་ལྷུ་དགུ་གཏོར་ཏེ་གཡུ་འཕྲུ་སྟོན་པ་བཏུལ་ནས་ཤིང་བྱ་དེ་བར་སྣང་ནས་དཔག་ཚད་ཙམ་མར་བབས་བྱུང་ཙ་ན། གེ་སར་གསུང་གི་སྤྲུལ་པ་ཇོ་རུ་རྒྱལ་པོས་འུར་རྡོ་ཁྲ་རིང་མའི་སྟེང་ལ་རྡོ་ཨ་དཀར་ལུག་གྲོད་ཙམ་ཞིག་བཞག་ནས་མི་ཉག་རྒྱལ་པོ་ལ་གླུ་འདི་ལྟར་བླང་བར་གདའ་འོ།།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །སྐབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ང་དང་ང་ངོ་མ་ཤེས་ན། །ངའི་མིང་ལ་མིང་ཆེན་ཇོ་རུ་ཡིན། །གླུ་འདི་གླུ་ངོ་མ་ཤེས་ན། །ང་ཇོ་རུའི་དཔའ་གླུ་ཐུང་ཐུང་ཡིན། །མི་ཉག་གཡུ་རྩེ་སྟོན་པ་ཁྱོད། །དུས་དེ་རིང་ཉི་མའི་གདོང་གང་ལ། །ཕོ་ཁྱོད་དང་ང་གཉིས་འདྲ་ས་མེད། །ཨ་མའི་བུ་རུ་འདྲ་ན་ཡང༌། །ཚེ་བསོད་དབང་ཐང་འདྲ་ལེ་མིན། །མི་ཉག་གཡུ་རྩེ་སྟོན་པ་ཁྱོད། །མ་མཐོང་རྒྱང་གྲགས་ཆེ་ན་ཡང༌། །འགྲམ་བཅར་ན་ཁ་ཕོ་ཆེ་ལེ་ཙམ། །ངའི་འུར་རྡོ་ཁྲ་མོའི་འུར་ལྡེབས་ལ། །རྡོ་ལུག་གྲོད་ཙམ་ཞིག་བཞག་པ་འདི། །འཕེན་ནི་གཡུ་རྩེའི་སྟེང་ལ་འཕེན། །གསོད་པ་ཁྲི་བཙན་རྒྱལ་པོ་གསོད། །ཤིང་བྱ་ཐང་ལ་འཕེན་རྒྱུ་ཡིན། །ལྷུ་དགུ་ས་ལ་གཏོར་རྒྱུ་ཡིན། །ད་མ་བྲོས་ཨེ་གོ་ཕ་ཡི་བུ། །ཁྱོད་བྲོས་ཀྱང་ཐར་ས་ག་ལ་ཡོད།།
ཅེས་གསུངས་ནས་འུར་རྡོ་ཁྲ་རིང་མ་དེ་ཁྲོབ་སྒྲ་དང་བཅས་བརྒྱབ་པ་དང༌། ཤིང་བྱའི་ལྷུ་དགུ་དུམ་བུ་དགུར་བཏང་སྟེ་ས་ལ་ལྷུང༌། ཁྲི་བཙན་དང་གཡུ་འཕྲུ་སྟོན་པ་གཉིས་བཏུལ། དེ་ནས་གཡུ་རྩེ་སྟོན་པ་དེ་ངོ་སྟོད་ལ་ཁྲག་གི་ཆར་བབས། ངོ་སྨད་ལ་ནད་ཀྱི་ན་བུན་འཁྲིགས། མཆེ་བ་གངས་རི་ལྟར་གཙིགས་ནས་ལང་སྡོད་ཙ་ན། གེ་སར་སྐུའི་སྤྲུལ་བས་རྡོ་རྗེའི་གོ་ཁྲབ་སྐུ་ལ་གསོལ། ཞལ་ངོ་རྫ་རི་ནག་པོ་ལ་ཆར་སྤྲིན་འཁྲིགས་པ་ལྟར་བྱས་ནས་གཡུ་རྩེ་སྟོན་པ་ཁྲས་བྱིའུ་བཟུང་བ་ལྟར་མཛད་ནས་གསུངས་པ། ཤར་མི་ཉག་གཡུ་རྩེ་རྒྱལ་པོ་ཁྱོད་ངའི་ཡུལ་འདིར་ཅི་བྱེད་པར་ཡོང་བ་ཡིན། ངའི་གླིང་གི་མོ་དམན་རྣམས་ཉེས་པ་ཅི་ཡང་མེད་པར་ཆད་པ་བཅད། བཙོན་ལ་བཟུང༌། མེ་བཟའ་ཁྱོད་ཀྱི་ཡུལ་ལ་བཞག ད་ཁྱེད་ཀྱིས་ང་གསོད་པའི་བཤན་པར་མ་བསམ་འདྲེན་པའི་བླ་མར་སྒོམས་གསུངས་ཙ་ན། གཡུ་རྩེ་སྟོན་པས། འཛམ་གླིང་སེང་ཆེན་རྒྱལ་པོ་ལགས། བདག་གིས་བླ་མ་སངས་རྒྱས་ཡིན་པ་ངོ་མ་ཤེས། གདམ་ངག་བདུད་རྩི་ཡིན་པའི་དོན་མ་གོ་བས། མ་ཤེས་མ་དག་ཅི་བྱུང་གེ་སར་མདུན་ལ་བཤགས་པར་ཞུ། ངན་སོང་དུ་མ་བཏང་བར་ལམ་སྣ་དག་པའི་ཞིང་དུ་འདྲེན་པར་ཞུ་ལགས། ཞེས་ཞུས་ཙ་ན། གེ་སར་གྱིས། ཁྱོད་སྡིག་ལ་མི་དགའ་ཆོས་ལ་དགའ་ན་ཤིན་ཏུ་ལེགས་པ་ཡིན་གསུངས་ཏེ་གཡུ་རྩེ་སྟོན་པའི་རྣམ་ཤེས་སངས་རྒྱས་དོན་ཡོད་གྲུབ་པའི་ཞིང་དུ་སྤར་རོ།།
དེ་ནས་ཚེས་བཅོ་ལྔའི་ནངས་པར་སྐྱིད་ལྷ་མཁར་ལ་ཉི་རྩེ་ཕོག་པ་དང་རྒྱལ་བློན་རྣམས་བློན་པོ་ཕྱིང་སྔོན་གྱི་ལམ་རྒྱུས་བྱས་ཏེ་མི་ཉག་ཡུལ་དུ་ཆས་པས། མི་ཉག་གངས་རི་རྩེ་བརྒྱད་ལ་སླེབས་ཏེ་གངས་རི་རྔམས་ཆེན་ལ་ཐུག་པ་དང༌། ལྷ་རྟ་འདོ་བ་རྐྱང་རྒོད་འཕུར་ཤེས་ཀྱིས་གངས་སྒོ་ཕྱེ་དགོས་པའི་གླུ་འདི་བླངས་སོ།།
སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་རྗེའི་ཀློང་ནས་སྩོལ། །འབྲལ་བ་མེད་པར་བྱིན་གྱིས་རློབས། །ཧ་ཧ་ཟེར་བ་མི་སྐད་ཡིན། །ཧུ་ཧུ་ཟེར་བ་རྟ་སྐད་ཡིན། །ས་འདི་ས་ངོ་མ་ཤེས་ན། །ཤར་མི་ཉག་གངས་རི་རྩེ་བརྒྱད་རེད། །རྟ་ང་དང་ང་ངོ་མ་ཤེས་ན། །འདོ་བ་རྐྱང་རྒོད་འཕེལ་བ་ཡིན། །དེ་རིང་ལྷ་ཞིག་འབོད་ལེ་འདི། །བརྒྱ་རྩ་བརྒྱད་མཆོད་རྟེན་རབ་གནས་ནས། །སྟོང་རྩ་གཉིས་ཚ་ཚའི་འབུམ་ཁང་ནས། །ཨོ་རྒྱན་གྱི་ཚོགས་ར་གོང་མ་ནས། །ལྷ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཤར་མི་ཉག་གངས་སྒོ་ཕྱེ་རོགས་གྱིས། །ང་རྐྱང་ངེའི་ལམ་སྣ་འདྲེན་རོགས་མཛོད།།
ཅེས་གསུངས་ནས་འདོ་བ་རྐྱང་རྒོད་འཕེལ་བ་དེ་ལུང་ཆེན་ལ་གོམ་ཆེན། ལུང་ཆུང་ལ་གོམ་ཆུང༌། ལ་ལ་ཐང་དཀར་ལྡིང་འདྲ། །ཐུར་ལ་རྦབ་རྡོ་སྒྲིལ་བ་ལྟར་སོང་སྟེ་མི་ཉག་ཡུལ་དུ་སླེབས་པ་དང༌། མེ་བཟའ་དང་གཡུ་འོད་སྟོན་པ་གཉིས་ཀྱིས་གཡུ་མཁར་ནང་གདན་དྲངས་ཏེ། གཡུ་འོད་སྟོན་པས་དར་སྣ་ལྔ་ཕུལ་ནས་ཞུས་པ། འཛམ་གླིང་གེ་སར་རྒྱལ་པོ་ལགས། ཁྱེད་རིང་རིང་རྣ་བས་གོ་བ་ལས། ཐུང་ཐུང་མིག་གིས་མཇལ་མྱོང་མེད། དུས་དེ་རིང་མཇལ་བ་ངོ་མཚར་ཆེ། མ་རིག་མ་ཤེས་གང་བྱུང་བ། །དེ་རིང་ཁྱོད་ཀྱི་མདུན་ལ་བཤགས། །དེ་རིང་ནས་བཟུང་ངའི་མཁར་འབངས་ཀུན་གྱི་བདག་པོ་ཁྱོད་ཀྱིས་མཛད་པར་ཞུ་ཟེར་རོ།།
དེ་ནས་གླིང་རྗེ་གེ་སར་རྒྱལ་པོ་སྐྱིད་ལྷ་མཁར་ནོར་བུའི་ནང་དུ་གཟིམ་ནས་བཞུགས་པ་ན། ནམ་ཕྱེད་ཙམ་ལ་སྤྲིན་དང་འཇའ་འོད་སྣ་ཚོགས་ཀྱི་གུར་ནང་ནས་མ་ནེ་ནེ་རྣམ་སྨིན་དཀར་མོས་སེང་གེ་དཀར་མོ་ཞིག་ཆིབས་ཏེ། ལུང་བསྟན་གྱི་གླུ་འདི་གསུངས་སོ།།
གླུ་ལུང་བསྟན་བླ་མ་བཟང་པོས་སྐྱོངས། །ལྷ་མཁར་ལྡེམ་པའི་ནང་ཤེད་ནས། །གསེར་ཁྲི་གསེར་པོའི་གདན་སྟེང་གི །འཛམ་གླིང་གེ་སར་རྒྱལ་པོ་ཁྱོད། །རྒྱ་ཡི་ཡུལ་དུ་འགྲོ་བའི་རྫས། །བྱ་ཤང་པ་ལོན་པའི་གདམས་པ་ལ། །རྨ་ལུང་ཡིད་གྱི་དཀྱིལ་འཁོར་ན། །དགོ་ཨ་རྒོད་དཔུང་པའི་གཡུ་རྭ་དེའི། །ཕྱི་ལྤགས་ནག་པོ་རྒྱ་ལ་མཁོ། །ཉི་མ་སང་ཉིན་དུས་དེ་ལ། །གེ་སར་ལྷ་མཁར་རྩེ་མོར་བཞུགས། །ཉེས་པ་མེད་པའི་སེམས་ཅན་དེ། །ངན་སོང་མ་གཏོང་ཐུགས་རྗེས་བཟུང༌། །ཚ་ཞང་འདན་མ་བྱང་ཁྲ་དང༌། །ན་ཆུང་ཁྲོམ་ཤོག་འབྲུག་མོ་གཉིས། །རྨ་ལུང་ཡིད་ཀྱི་དཀྱིལ་དུ་སོང༌། །དགོ་ཨ་རྒོད་སོད་ལ་དགོ་ལྤགས་ཤུས། །མུ་ཏིག་ཞགས་པས་རྙི་ཐག་ཚུགས། །དགོ་རོའི་རྩ་ལ་འདན་མས་སྒུགས། །རི་རབ་རི་ཡི་ཁོང་སེང་ན། །བྱ་ཤང་པ་ཤང་མ་དེ་ན་ཡོད། །འབྲུག་མོ་བྱ་ཡི་སྤྲུལ་བ་གྱིས། །ཡུལ་དེ་ལ་ཉུལ་མ་བྱེད་དུ་སོང༌། །བྱ་ཤང་པས་ཅི་ཟེར་ཉོན་ལ་ཤོག །
ཅེས་ལུང་བསྟན་དེ་ལྟར་གནང་ངོ༌།། དེ་ནས་གེ་སར་རྒྱལ་པོས་ནེ་ནེའི་ལུང་བསྟན་ལྟར་འདན་མ་དང་འབྲུག་མོ་གཉིས་རྨ་ལུང་ཡིད་ཀྱི་དཀྱིལ་དུ་འགྲོ་དགོས་པའི་བཀའ་ཕབ་པས། འདན་མ་དང་འབྲུག་མོ་གཉིས་མགྱོགས་པར་ཆས་སོ། །དེར་སླེབས་པས་འདན་མས་བྲག་རི་ཞིག་གི་གཡས་ཟུར་དུ་གཞུ་ཆུང་དཀར་མོ་འཐེན་སྐྱིད་ལ་མདའ་གསེར་ལྟོང་མ་ཞིག་བཞག་ནས་བསྡད། འབྲུག་མོས་རྒྱན་གོས་ལེགས་པར་བཀླུབས་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་པ་ན། དགོ་བ་དེ་གཞན་དང་མ་འདྲ་བའི་འབྲུག་མོའི་སྐྱེས་གཟུགས་སོགས་ཀྱིས་ཡིད་འཕྲོག་སྟེ་དེ་ལ་ཡེངས་སྡོད་པའི་སྐབས་སུ། འདན་མས་མདའ་བརྒྱབ་པས་དགོ་བ་བསད། དེ་ནས་པགས་པ་བཤུས་ཏེ་རོའི་རྩར་མུ་ཏིག་ཞགས་པས་བྱ་ཤང་པ་འཛིན་པའི་རྙི་བཙུགས་ནས་བཞག་གོ།
དེ་ནས་འབྲུག་མོ་བྱ་རྒོད་ཅིག་ལ་སྤྲུལ་ནས་རི་རབ་ཀྱི་ཁོང་གསེང་དུ་ཕྱིན་ནས། བྱ་ཤང་པ་ལ་ཕག་ཉན་བྱེད་དུས། བྱ་ཤང་པས་ཤང་མ་ལ། ཁྱོད་ཤང་མ་མ་ཉལ་ཡར་ལ་ལོངས། །ངའི་མདང་གསུམ་ཉལ་བའི་རྨི་ལམ་ལ། །ཁྲ་མོ་གླིང་གི་ས་ཆ་ནས། །དགོ་ཨ་རྒོད་དཔུང་པའི་གཡུ་རྭ་དེ། །གླིང་མི་ཆུང་ཞིག་གིས་བསད་ནས་ཐལ། །དེར་འགྲོ་དང༌། ལོ་རྒྱགས་མེད་ན་ཟླ་རྒྱགས། ཟླ་རྒྱགས་མེད་ན་ཞག་ཅིག་ཡོང་བར་འདུག ད་མགྱོགས་པོ་མ་སོང་ན་གཅན་གཟན་གྱིས་ཟ་འགྲོ་ཟེར། དེ་འཕྲལ་འབྲུག་མོ་མྱུར་བར་ཕྱིར་ལོག་སྟེ་གེ་སར་རྒྱལ་པོར་བྱ་ཤང་པས་ཅི་ཟེར་དང་གླིང་ལ་མྱུར་དུ་ཡོང་རྒྱུ་ཡིན་སྐོར་ཞུས་པ་དང༌། བྱ་ཤང་པ་དེ་ཡང་ནམ་མཁར་གཤོག་སྒྲ་འབྲུག་ལྟར་གྲགས་ཏེ་འཕུར་ཡོང་ནས་དགོ་རོའི་སྟེང་བབས། དགོ་བའི་ཁོག་སྨད་ཙམ་ཟས་པས་ལྟོ་འགྲངས་ཏེ་ལྡིང་མ་ཐུབ་ཙ་ན་མུ་ཏིག་གི་ཞགས་རྙིས་བཟུངས། དེ་ལ་འདན་མས་རལ་གྲི་ཀླད་ལ་གདེང་སྟེ་བྱ་ཤང་པ་ལ། བྱ་ཤང་མ་གར་ཡོད་འདིར་ཁྲིད་མ་ཡོང་ན། ད་ལྟ་མྱུར་དུ་གསོད་རྒྱུ་ཡིན་ཟེར་པ་དང༌། ཤང་པ་ན་རེ། ཁྱོད་ཀྱིས་ང་མ་གསོད་དང༌། ཤང་མ་འགུག་པའི་ཐབས་ཡོད་ཟེར་ནས་ནམ་མཁའི་དབྱིངས་སུ་ཨ་བོ་ཟེར་བས། བྱ་ཤང་མ་དེས་སྒོ་ང་གཤོག་བར་དུ་བཟུང་ནས་འཕུར་ཡོང་སྟེ་ཤང་པའི་རྩར་བབས། དེར་འདན་མ་རབ་ཏུ་དགའ་སྟེ་བྱ་གཉིས་གེ་སར་གྱི་མདུན་དུ་ཁྲིད་ཕྱིན་པས་གེ་སར་རྒྱལ་པོ་ཡང་ཐུགས་དགྱེས་པར་གྱུར་ཏོ།།

གླེང་བརྗོད།
ནག་པོ་རྒྱ་གླིང་(གཉིས་པ)
གློག་རྡུལ་དེབ།

སྔོན་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་ལྔ་པ།
ཕྱི་མ།
ནག་པོ་རྒྱ་གླིང་(གཉིས་པ)
Menu