ཟླ་རེའི་གསར་འགྱུར།

ཕྱི་དྲིལ་བཀའ་བློན་མཆོག་གིས་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐོག་སློབ་ཕྲུག་ཚོར་རྒྱལ་སྤྱིའི་སྟེང་བོད་དོན་འབྲེལ་ལམ་གནང་ཕྱོགས་སྐོར་གསུང་བཤད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ ཉིན་འཚོགས་བཞིན་པའི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཉིན་བཞི་པའི་ཚོགས་ཐུན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱལ་སྤྱིའི་སྟེང་བོད་དོན་སྐོར་འབྲེལ་ལམ་གནང་ཕྱོགས་སྐོར་གསུང་བཤད་གནང་སོང་།
སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་ཤེས་ཡོན་དང་། ཕྱག་ལས་ཀྱི་བརྒྱུད་རིམ་ཁྲོད་ཉམས་མྱོང་ཇི་བྱུང་དང་། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་ཐོག་མའི་ཀུན་སློང་། བོད་དོན་འཐབ་རྩོད་མུ་མཐུད་གནས་པར་རྒྱ་གར་མང་ཚོགས་དང་གཞོན་སྐྱེས་ཁྲོད་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་། ལྷག་པར་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་ཀྱི་ལས་དོན་གང་སྤེལ་སོགས་ཀྱི་སྐོར་གསུང་བཤད་གནང་དོན། འཐབ་རྩོད་ཅིག་རྩོད་པར་འགོ་ཁྲིད་མཁན་གྱི་སྒྲིག་འཛུགས་ཚགས་ཚུད་པོ་ཞིག་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཐོབ་པར་ཐབས་ལམ་རྣམ་པ་སྣ་ཚོགས་ཤིག་ཡོད་པ་རེད། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་སྐོར་འབྲེལ་ལམ་གནང་ཕྱོགས་དེ་བཞིན་དོན་གཅོད་ཁག་ཆེད་འཛུགས་ཀྱིས་འགན་རྐང་བཞེས་ཀྱི་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མང་པོ་ཞིག་གིས་བོད་དོན་སྐོར་འབྲེལ་བ་བྱེད་ཀྱི་ཡོད། ལས་དོན་དེའི་ཐོག་ནས་ཁེ་ན་ཌ་དང་ཨ་རི་ནང་བོད་དོན་ཐོག་རྒྱབ་སྐྱོར་རྒྱ་མི་ཆུང་བ་ཞིག་ཐོབ་བཞིན་ཡོད། དཔེར་ན། ཁེ་ན་ཌའི་ནང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་ཁག་གཅིག་གནས་སྤོ་ཆོག་པ་དང་། ༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཁེ་ན་ཌའི་མི་སེར་གཟེངས་བསྟོད་ཕུལ་བ། དེ་བཞིན་ཨ་རིས་ཀྱང་༸གོང་ས་མཆོག་ལ་གསེར་གྱི་རྟགས་མ་སོགས་དང་། Tibet Policy Act སོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་གི་ཡོད། ཡུ་རོབ་ཁུལ་དུ་ཡིན་ནའང་ཕ་རན་སི་དང་འཇར་མ་ནི། དེ་བཞིན་ནོར་ཝེ་སོགས་རྒྱལ་ཁབ་མང་པོས་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད། ཅེས་དང་།
DIIRKALONཡང་བཀའ་བློན་མཆོག་གིས་བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་བཞིན་རྒྱལ་སྤྱིའི་ནང་འབྲེལ་ལམ་བྱེད་རྒྱུ་གལ་ཆེ་ཡིན་ནའང་། ལྷག་པར་རྒྱ་གར་ནང་བོད་དོན་སྐོར་གོ་རྟོགས་དགོས་རྒྱུ་ནི་གལ་ཆེ་ཤོས་ཤིག་ཆགས་ཡོད་ཅེས་དང་། དེ་ལྟར་གལ་ཆེ་ཡིན་པའི་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་མང་པོ་ཡོད་ཀྱང་། ཚོགས་མི་ཕལ་ཆེ་བ་ལོ་ན་བགྲེས་སོང་ཆགས་ཡོད་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནས་པར་རྒྱ་གར་གཞོན་སྐྱེས་ཚོར་འཕགས་བོད་གཉིས་རིག་གཞུང་དང་། སྐད་ཡིག དེ་བཞིན་གསོ་བ་རིག་པ་སོགས་སྲོལ་རྒྱུན་གྱི་རིག་གཞུང་མང་པོའི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ལོ་རྒྱུས་ཡོད་པ་ཞིག་ཡིན་པ་དེ་ང་ཚོས་ངོ་སྤྲོད་བྱ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ལྷག་པར་བོད་དོན་དེ་ཉིད་རྒྱལ་སྤྱིའི་སྟེང་གནས་པར་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་ང་ཚོ་བོད་འབངས་མི་རེ་ངོ་རེས་མི་དང་མི་འཕྲད་ནས་བོད་དོན་སྐོར་འགྲེལ་བརྗོད་གནང་དགོས་པ། ད་ལྟའི་ཆར་རྒྱ་གར་ནང་བོད་དོན་སྐོར་འབྲེལ་བ་གནང་ཕྱོགས་ཀྱི་རིམ་པ་གསུམ་ཡོད་པ་ནི། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་གཞུང་ལ་འབྲེལ་བ་བྱེད་པ་དང་། དེ་བཞིན་ས་གནས་སུ་ས་གནས་འགོ་འཛིན་གྱིས་འགན་རྐང་བཞེས་ཐོག་ས་གནས་ཡུལ་མི་དང་འབྲེལ་ལམ་བྱེད་པ། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གཞི་རིམ་མང་ཚོགས་ཁྲོད་མུ་མཐུད་འབྲེལ་ལམ་བྱེད་བཞིན་ཡོད་སྐོར། རྒྱ་གར་གཞུང་དམངས་གཉིས་ལས་རྒྱ་གར་གཞི་རིམ་མང་ཚོགས་གལ་ཆེར་འཛིན་པའི་ཐོག་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེ་བ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་། ཕྱོགས་མཚུངས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་སྟེ་ལས་རིམ་མཇུག་སྒྲིལ། །

སྔོན་མ།
སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་གཏམ་བཤད་གནང་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་།
ཕྱི་མ།
འཛིན་རིམ་བཅུ་པའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དེ་སློབ་ཕྲུག་ཚོས་ལོ་གསར་པའི་ནང་ཕ་སྐད་གཙང་མ་བཤད་རྒྱུའི་དམ་བཅའ་དང་བཅས་མཇུག་སྒྲིལ།
Menu