ཟླ་རེའི་གསར་འགྱུར།

ཕྱི་ལོ་༢༠༡༤ ཡི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།

གསར་འཕྲིན།

༄༅། །འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་རིགས་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་དེ་སྔ་ལས་ཕྲན་བུ་ཡར་རྒྱས་བྱུང་ཡོད།
    ཕྱི་ལོ་ ༢༠༡༠ ལོར་བོད་སློབ་ཁག་གི་སློབ་ཕྲུག་གྲངས་ ༡༢༧ གྱི་བརྒྱ་ཆ་ ༧༥ ཡན་ལོན་ཡོད། འདི་ལོར་བོད་རིགས་སློབ་མ་གྲངས་ ༣༢༡ བརྒྱ་ཆ་ ༧༥ ཡན་ལོན་ཡོད་པར་བརྟེན། དེ་སྔའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡༥༠ འཕར་ཆ་བྱུང་ཡོད།
    ཕྱི་ལོ་ ༢༠༡༢ ལོར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཡོན་གྱི་ལས་གཞི་གསར་པ་གསལ་བསྒྲགས་བསྐྱངས་ཡོད། ལོ་དེར་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༧༥ ལེན་མཁན་སློབ་མ་གྲངས་ ༢༠༡ བྱུང་ཡོད་པ་དང་། འདི་ལོར་བརྒྱ་ཆ་ ༧༥ ལེན་མཁན་སློབ་མ་གྲངས་ ༣༢༡ བྱུང་ཡོད་པར་བརྟེན་བརྒྱ་ཆ་ ༣༧ འཕར་ཆ་བྱུང་ཡོད།
    ཕྱི་ལོ་ ༢༠༡༣ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་མང་ཆེ་བ་རྣམས་ཚན་རིག་སྡེ་ཚན་ཁོངས་ནས་ཡིན། འོན་ཀྱང་འདི་ལོར་རིག་ཚན་གསུམ་གའི་ནང་སློབ་མ་རྩེ་ཕུད་བརྒྱ་ཆ་ ༩༠ ཡན་ལོན་མཁན་གྲངས་མང་ཉུང་ཆ་སྙོམས་བྱུང་ཡོད། དེར་བརྟེན་ཚོང་རིག་དང་སྒྱུ་རྩལ་སྡེ་ཚན་གྱི་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་བ་མངོན་ཐུབ།
    འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་ཚན་རིག་སྡེ་ཚན་གྱི་སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསོད་ནམས་བཟང་མོ་ལ་བརྒྱ་ཆ་ ༩༣་༢། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭའི་སློབ་མ་འཆི་མེད་རྡོ་རྗེ་ལ་བརྒྱ་ཆ་ ༩༠་༨། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཟླ་སྒྲོན་ལ་བརྒྱ་ཆ་ ༩༠་༦ ཐོབ་ཡོད་པ་དང་། ཚོང་རིག་གི་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚེ་རིང་སྒྲོལ་མ་ལ་བརྒྱ་ཆ་ ༩༣་༢། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་ལྷ་མོ་ཆོས་སྒྲོན་ལ་བརྒྱ་ཆ་ ༩༣། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་རྟ་མགྲིན་སྒྲོལ་མ་ལ་བརྒྱ་ཆ་ ༩༡་༨ ཐོབ་ཡོད། སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐལ་བཟང་སྒྲོལ་མ་ལ་བརྒྱ་ཆ་ ༩༣། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་ལྷ་རོང་ལ་བརྒྱ་ཆ་ ༩༠་༦། སྦེལ་ཀོབ་སློབ་གྲྭའི་སློབ་མ་བསྟན་འཛིན་ཚེ་དབྱངས་ལ་བརྒྱ་ཆ་ ༩༠་༤ ཐོབ་ཡོད།
    ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་སློབ་ཁོངས་ནས་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ བླངས་མཁན་སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭ་དང་སྦེལ་ཀོབ་སློབ་གྲྭ་གཉིས་ཡིན། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་(AISSCE) ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་ཕྲུག་གྲངས་ ༡༥༣༥ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༣༣༡ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༦༢ ཡོད། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༤༠། དེ་བཞིན་སློབ་ཕྲུག་གྲངས་ ༦༩ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད།
    འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༨༦་༧༡ ཡིན་པ་དང། དེའི་ནང་ནས་ཡིག་རྒྱུགས་གཏོང་མཁན་བུ་གྲངས་ ༧༠༤ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༥༩༤ བྱུང་ཡོད། ༼འཕྲོད་ཚད་བརྒྱ་ཆ་ ༨༤་༣༨ དང་།༽ ཡིག་རྒྱུགས་གཏོང་མཁན་བུ་མོ་གྲངས་ ༧༣༨ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༦༦༥་བྱུང་བ་དང་། ༼འཕྲོད་ཚད་བརྒྱ་ཆ་ ༩༠་༡༡ ༽བཅས་ཡིན་འདུག འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་ལོན་ཡོད།

ཕྱི་ལོ་༢༠༡༤ འཛིན་གྲྭ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རེའུ་མིག

སྔོན་མ།
༄༅། །ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
ཕྱི་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང།
Menu