ཟླ་རེའི་གསར་འགྱུར།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིར་ཤེས་རིག་བཀའ་བློན་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༥ ཉིན་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་དང་། དེ་བཞིན་དགེ་ལས་སློབ་ཕྲུག་དང་ཕ་མ་སོགས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་།

མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་ཚབ་བྱས་ཏེ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མཛད་སྒོའི་ཐོག་སློབ་སྤྱི་གཙོས་པའི་དགེ་ལས་རྣམ་པ་དང་། སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་དང་། སྙན་རྩོམ་དང་རྩོམ་གྱེར་འདོན་གནང་བ་སོགས་མཛད་སྒོ་ཧ་ཅང་ཡག་པོ་གོ་སྒྲིག་གནང་འདུག་པས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

སློབ་ཕྲུག་རྣམས་ནས་རྩོམ་སྒྲིག་གནང་བའི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཛད་རྣམ་ནང་ཕྲན་བུ་མ་ཚང་བ་ལྟ་བུའི་ཚོར་སྣང་བྱུང་། དེར་བརྟེན་ངས་དེའི་ཐོག་ཕྲན་བུ་འཕར་མ་ཞུས་པ་ཡིན་ན་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལོ་ན་ཕྲ་མོའི་སྐབས་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་དབུ་འཛུགས་གནང་ཡོད། དགུང་ལོ་ ༢༡ ལ་ཌལ་ཧོར་གདན་གསུམ་གྱི་དགེ་འདུན་པ་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་གནང་བ་དང་། དགུང་ལོ་ ༢༢ ནས་ ༢༦ བར་སིམ་ལ་དང་ཌལ་ཧོར་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ་གནང་སྟེ་སྐུ་ལས་ཧ་ཅང་བསྐྱོན་ཡོད། དགུལ་ལོ་ ༢༦ ཐོག་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་གནང་བ་རེད། འཛམ་གླིང་འདིའི་སྟེང་དགུང་ལོ་ ༢༦ ཐོག་སློབ་སྤྱི་གནང་མཁན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་མ་ཏོག་ཕལ་ཆེར་བྱུང་ཡོད་ཀྱི་མ་རེད་ལ་མ་འོངས་པར་ཡོང་གི་མ་རེད་དྲན་གྱི་འདུག དགུང་ལོ་ ༢༦ ཐོག་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་གནང་སྟེ་གྲུབ་འབྲས་ཧ་ལས་པ་དང་གསར་གཏོད་སོགས་བསམ་གྱིས་མི་ཁྱབ་པ་གནང་ཡོད། སྐབས་དེར་ཌལ་ཧོར་དུ་གཞོན་སྐྱེས་ཀྱི་གྲོས་ཚོགས་སམ་ཨིན་སྐད་དུ་ (Youth Parliament) ཞེས་པའི་སྲོལ་གཏོད་པ་རེད། ད་ལྟ་གྲོས་ཚོགས་ཚོགས་བཞིན་པ་འདི་ཕྱི་ལོ་ ༡༩༦༧ ་་་ ༡༩༦༨ ཙམ་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་ནང་གསར་གཏོད་གནང་ཡོད། སྐབས་དེར་མི་མང་པོའི་བསམ་བློ་ནང་ཤོང་གི་མེད།

དགུང་ལོ་ ༣༢ སྐབས་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་སློབ་སྤྱི་དང་། དགུང་ལོ་ ༣༨ ལ་ཕེབས་སྐབས་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་གམ་ངེས་སྟོན་པའི་ཐུགས་འགན་བཞེས་ཡོད། ད་ཆ་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གཟེངས་སུ་ཐོན་པ་ཆགས་པ་འདི་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་ལོ་ ༣༠ ལྷག་ཙམ་རིང་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་རེད། སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཡིན་སྐབས་རྒྱ་གར་གྱི་གཙུག་ལག་སློབ་ཁང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཕྱི་མ།
བྱིས་པའི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།
Menu