ཟླ་རེའི་གསར་འགྱུར།

བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སིམ་ལར་གཞུང་འབྲེལ་འཚམས་གཟིགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ ཉིན་སྔ་དྲོ་ཕྱག་ཚོད་ ༨ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དྷ་ས་ནས་སིམ་ལར་ཕེབས་ཊོའི་བརྒྱུད་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཕྱི་དྲོ་ཕྱག་ཚོད་ ༣།༢༠ ཐོག་སིམ་ལ་ཊ་ཝི་མཽར་དུ་ཕེབས་འབྱོར་སྐབས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ས་གནས་འགོ་འཛིན་དང་། ས་འཐུས། རང་བདེན་འཐུས་མི། གཞུང་འབྲེལ་མིན་པའི་ས་གནས་གཞོན་ནུ་དང་བུད་མེད་ཀྱི་འཐུས་མི། ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་འཐུས་མི། སན་ཇོ་ལི་ཇོ་ནང་མ་དགོན་གྱི་འཐུས་མི། སིམ་ལ་གཏན་སློབ་ཀྱི་རེག་ཊར་བཅས་ནས་ཆར་ཞོད་ཇི་ཙམ་ཆེ་ནའང་ཕེབས་བསུར་ངོ་བཅར་གྱིས་མཇལ་དར་སྒྲོན་འབུལ་ཞུས་རྗེས་ཀསུམྤཊཱི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དུ་མགྲོན་ཁང་གོ་སྒྲིག་ཞུས་པ་ལྟར་ཕེབས་ཏེ་ངལ་གསོ་གནང་།
ཕྱི་ཚེས་ ༤ ཉིན་མཛད་རིམ་ལྟར་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་ཧིམཱཅལ་མངའ་སྡེའི་དབུས་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཝི་སི་ཕརྐ་ V.C Pharka མཆོག་དང་མཇལ་འཕྲད་ཀྱིས་དེ་སྔ་བཙན་བྱོལ་བོད་ཕྲུག་རྣམས་ལ་དམིགས་པའི་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ས་མིག་གཉིས་ཡོད་ཐོག་སླར་ཡང་ཐུགས་བརྩེ་ཆེན་པོས་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ས་མིག་འཕར་མ་གཉིས་གནང་བར་བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་སྐུ་ཉིད་སྐུ་ཚེ་རིང་པོར་བརྟན་པའི་སྨོན་འདུན་དང་བཅས་སྟོང་མིན་སྒྲོལ་དཀར་གྱི་སྐུ་ཐང་འབྲིང་བ་གཅིག་དང་ཨ་ཤི་མཇལ་དར་བཀྲ་ཤིས་རྟགས་བརྒྱད་ཅན་ཞིག་ཕུལ་ཏེ་བཀའ་མོལ་གནང་ཞོར་དུ།  སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གསུངས་དོན།
ཧིམཱཅལ་མངའ་སྡེའི་ཁོངས་སུ་ཡོད་པའི་གཏན་སློབ་ཁག་ནང་བོད་ཕྲུག་ཇི་ཡོད་དང་། དགོན་སྡེ་ཁག་གི་གྲྭ་བཙུན་ཇི་ཡོད་བཅས་ཀྱི་ཐོ་གཞུང་གང་མྱུར་འབུལ་དགོས་པ་དང་། ཧིམཱཅལ་མངའ་ཁོངས་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྣམས་གང་མྱུར་སིམ་ལར་ཚོགས་འདུ་ཞིག་འཚོག་ཐུབ་ན་འཕྲལ་དུ་ལག་ལེན་འཁེལ་མིན་ལ་མ་ལྟོས་པར་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་མ་འོངས་མི་མང་གི་དཀའ་ངལ་སེལ་ཕྱོགས་ཐད་ཁ་གསལ་ཆགས་རྒྱུ་ཞེས་གསུངས།
 དེ་རྗེས་སིམ་ལ་སན་ཇི་ལཱི་སཾ་བྷོ་ཊ་སྔོན་སློབ་དང་། རྣམ་རྒྱལ་གྲྭ་ཚང་གི་གཟིགས་སྐྱོང་འོག་ཡོད་པའི་རྒན་གསོ་ཁང་ལ་འཚམས་གཟིགས་གནང་། དེ་རྗེས་ཇོ་ནང་མ་དགོན་དུ་མཆོད་མཇལ་གྲུབ་མ་ཐག་དགོན་པ་ནས་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་བ་ལྟར་ཉིན་གུང་གསོལ་ཚིགས་མཆོད་ཞོར་དེ་ནས་དཀའ་ངལ་ཁག་ཅིག་ཞུ་རིགས་ཐད་ཤེས་རིག་ལས་ཁུངས་ནས་ཞུ་འཐུས་རིགས་ཞུ་རྒྱུ་དང་ལམ་སྟོན་དགོས་རིགས་ལ་ལམ་སྟོན་གནང་། དེ་རྗེས་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་སུ་ཕེབས་ཏེ་དེ་གའི་དགེ་ལས་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་ཕེབས་བསུ་གྲུབ་མཚམས་སློབ་གྲྭའི་འཛིན་ཁང་དང་བུ་དང་བུ་མོའི་ཉལ་ཁང་། སློབ་གྲྭའི་ས་ཁང་ཁོར་ཡུག་དང་བཅས་པར་གཟིགས་ཞིབ་གནང་བ་དང་། གཏན་སློབ་ཀྱི་ཡུལ་མིའི་དགེ་ལས་ཀྱི་ཚོགས་འདུར་ཆེད་ཕེབས་ཀྱིས་ཡུལ་མིའི་དགེ་ལས་རྣམས་ལ་དམིགས་བསལ་བཀའ་དྲིན་ཅན་ཡིན་པས་ཐུགས་རྗེ་ཆེ་ཞུ་གནང་བ་དང་། གཏན་སློབ་ཀྱི་རྩིས་ལེན་གྱི་ལས་དོན་ཁག་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ནང་གྲུབ་རེའི་སྐོར་དང་། དགེ་ལས་ཁག་ཅིག་གི་དྲི་བར་ལན་འདེབས་གནང་། སློབ་ཕྲུག་དང་བོད་རིགས་དགེ་ལས་ཁག་ཅིག་གི་ཚོགས་འདུར་ཡང་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ཀྱིས་དམིགས་ཡུལ་རྒྱ་ཆེ་ས་བཟུང་དགོས་པ་དང། རིགས་ལམ་གྱི་བརྒྱུད་ནས་རྒྱུ་མཚན་འཚོལ་རྒྱུ། བོད་ཀྱི་སྐད་ཡིག སྒྲིག་ལམ། གཙང་འཕྲོད་བཅས་ཤིན་ཏུ་གལ་ཆེ་ཙམ་མ་ཟད། རྒན་པས་ཆུང་བར་མིག་དཔེ་ཡར་འདྲེན་བྱེད་ཐུབ་པ་ཞིག་བྱེད་དགོས་སོགས་གསུངས། དེ་རྗེས་སློབ་ཕྲུག་གི་དྲི་བར་ལན་འདེབས་ཁ་གསལ་གནང་།
ཕྱི་ཚེས་ ༥ ཉིན་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་ཧིམཱཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཀཱོལསིངྒཊཱཀུར་མཆོག་དང་མཇལ་འཕྲད་གནང་སྟེ་དེ་སྔ་བཙན་བྱོལ་བོད་ཕྲུག་རྣམས་ལ་དམིགས་པའི་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་གཉིས་ཡོད་ཐོག་སླར་ཡང་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ས་མིག་འཕར་མ་གཉིས་གནང་བར་བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་སྐུ་ཉིད་སྐུ་ཚེ་རིང་པོར་བརྟན་པའི་སྨོན་འདུན་དང་བཅས་སྟོང་མིན་སྒྲོལ་དཀར་གྱི་ཐང་ཀ་ཆེ་བ་གཅིག་དང་ཨ་ཤི་མཇལ་དར་བཀྲ་ཤིས་རྟགས་བརྒྱད་ཅན་ཞིག་ཕུལ་ཏེ་བཀའ་མོལ་གནང་ཞོར་དུ། བློན་ཆེན་མཆོག་གིས་ད་དུང་སྨན་པའི་སློབ་སྦྱོང་ཆེད་ས་མིག་ག་ཚོད་དགོས་སྐོར་གསུངས་པ་དང་། བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གང་ཐུབ་གནང་རོགས་ཞུས་པར་སླར་ཡང་ཟུར་བཅད་ས་མིག་གསུམ་དགོས་པའི་སྐོར་དེ་ཉིན་ཧིམཱཅལ་མངའ་སྡེའི་འཛིན་སྐྱོང་ལྷན་ཚོགས་སུ་བཀའ་བསྡུར་ཞུ་རྒྱུ་ཞེས་ཞལ་བཞེས་བཟང་པོ་ཐོབ་པ་དང་། ཕྱི་དྲོ་བློན་ཆེན་མཆོག་གིས་ཞལ་པར་བརྒྱུད་སྐུ་ངོ་བཀའ་བློན་མཆོག་དང་ལྷན་དུ་སླར་ཡང་ཟུར་བཅད་སྨན་པའི་ས་མིག་གསུམ་བཀའ་འཁྲོལ་གནང་བའི་སྐོར་གསུངས་པར་སླར་ཡང་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་གནང་།
 ཉིན་རྒྱབ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དུ་མཆོད་མཇལ་གནང་རྗེས། ཀསུམྤཊཱི་སྔོན་སློབ་ཏུ་འཚམས་གཟིགས་དང་དངོས་ཡོད་དཀའ་ངལ་ཇི་ཡོད་ལ་རྒྱུས་ལོན་དང་ལམ་སྟོན་ཞུ་དགོས་རིགས་ལ་ལམ་སྟོན་གནང་། ཕྱི་དྲོ་ཕྱག་ཚོད་ ༤ པར་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འཐུས་མིའི་ཞུགས་མོལ་ཚོགས་འདུར་ཆེད་ཕེབས་ཀྱིས་བོད་པ་ཡིན་པ་བརྗེད་མི་རུང་བ། རྒྱལ་བ་ཡིད་བཞིན་བུའི་བཀའ་དྲིན་བརྗེད་མི་རུང་བ། བོད་མིའི་སྒྲིག་འཛུགས་འདི་གལ་ཆེན་པོ་ཡིན་པ་བརྗེད་མི་རུང་བ་ཞེས་བརྗེད་མི་རུང་བ་གསུམ་ཐོག་བཀའ་མོལ་གནང་བ་དང་། ཧིམཱཅལ་མངའ་གཞུང་ནས་ཐུགས་བརྩེ་ཆེན་པོས་ཟུར་བཅད་སྨན་པའི་སློབ་སྦྱོང་ཆེད་ས་མིག་དམིགས་བཀར་གནང་བའི་སྐོར་གསལ་བཤད་དང་། ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་ལན་འདེབས་ཁ་གསལ་གནང་།
ཕྱི་ཚེས་ ༦ སྔ་དྲོ་ཕྱག་ཚོད་ ༩ པར་དྷ་སར་ཕྱིར་འཁོར་ཞོར་དུ་སིམ་ལ་སྤྱི་འཁོར་འབབ་ཚུགས་ཉེ་འགྲམ་གྱི་སྔོན་སློབ་ཏུ་འཚམས་གཟིགས་ཀྱིས་འཛིན་ཁང་ཐོག་གི་དཀའ་སེལ་འཆར་གཞི་དུས་ཐོག་བཟོས་ཏེ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་འབུལ་དགོས་པའི་ལམ་སྟོན་གནང་། དེ་རྗེས་སིམ་ལ་ས་གནས་འགོ་འཛིན་གཙོས་པའི་འཐུས་མི་རྣམ་པས་སིམ་ལ་ཊ་ཝི་མཽར་བར་ཕེབས་སྐྱེལ་གནང་སྟེ་ཕྱི་དྲོ་ཕྱག་ཚོད་ ༥།༣༨ ཐོག་དྷ་སར་ཕྱིར་འཁོར་གནང་བ་བཅས། །

སྔོན་མ།
བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
ཕྱི་མ།
ཚན་རྩིས་དང། ཨིན་ཇི། ཁོར་ཡུག སྤྱི་ཚོགས་རིག་གནས་སོགས་ཀྱི་བརྙན་དེབ་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu