ཟླ་རེའི་གསར་འགྱུར།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱངས།

གསར་འཕྲིན།

༄༅། །བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རྡོར་གླིང་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གསར་བཞེངས་ཀྱི་ཐོག་མའི་ས་ཆོག་རྟེན་འབྲེལ་མཛད་སྒོ་ཕྱི་ཚེས་༢༥ ཉིན་བསྐྱངས་གྲུབ་རྗེས། ཕྱི་ཚེས་༢༦ ཉིན་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་དང་། དེ་ཁུལ་གྱི་ཁ་འཐོར་བོད་རིགས་མི་མང་གིས་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྩལ་ཡོད་པ་རེད།
    དེ་ཡང་ཁོང་གིས་ཤེས་ཡོན་སྲིད་བྱུས་གསར་པའི་རྩ་འཛིན་ལམ་སྟོན་ལྟར་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་ཚུལ་དང་། བོད་པའི་ཆོས་དང་རིག་གཞུང་གི་རྩ་བ་དེ་བོད་པའི་སྐད་ཡིག་ལ་ཐུག་ཡོད་ཅིང་། སྐད་ཡིག་ཉམས་ན། ཆོས་རིག་ཉམས་འགྲོ་བ་མ་ཟད། བོད་རིགས་ཀྱི་འདུ་ཤེས་དང་། བོད་མིའི་བསམ་བློ་ཡང་ཉམས་འགྲོ་བའི་སྐོར་དང་། དེ་བཞིན་མི་ཐོག་རྒན་པ་རྣམས་རྒྱ་གར་དུ་འབྱོར་བ་ནས་སྐུ་ལས་སྐྱོན་ཏེ། ད་ལྟའི་དབུ་བཀའ་བློན་ནས་སྤྱི་འཐུས་ཚོགས་གཙོ་བར་སློབ་སྦྱོང་བྱས་ནས་ཡོང་མཁན་གྱི་མི་ཧྲ་ཐག་ཐག་ཅིག་གསོ་སྐྱོང་ཐུབ་ཡོད་པ་དང་། དེའི་རྗེས་མ་གསོ་སྐྱོང་གནང་མཁན་ནི། ང་ཚོའི་མི་ཐོག་རྗེས་མ་ཁྱེད་རང་ཚོར་རག་ལས་ཤིང་།  ཁྱེད་རང་ཚོའི་སྐབས་ནས་སྐུ་ལས་སྐྱོན་ཏེ། ཕྲུ་གུ་ཆུང་ཆུང་ཚོར་ཤེས་ཡོན་སློབ་གསོ་དང་། བོད་པའི་ཆོས་དང་རིག་གཞུང་གི་སྟེང་ནས། བོད་མིའི་བསམ་བློ་ཡོད་མཁན་ཞིག་བཟོས་པ་ཡིན་ན། ཕྲུ་གུ་ཆུང་ཆུང་ཚོའི་གྲས་ནས་ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ནང་བཞིན་དབུ་ཁྲིད་མཁན་ཐོན་སྲིད་སྐོར་སོགས་བཀའ་སློབ་ཞིབ་རྒྱས་གནང་རྗེས། ཉེ་བའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་ཤར་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ༸སྐྱབས་མགོན་རིན་པོ་ཆེ་ལ་མཇལ་ཞིང་ཕྱག་མདུད་རག་པ་ཙམ་ཞིག་མིན་པར་གསུང་ཚིག་རེ་རེའི་ནང་། རང་ཉིད་ཀྱིས་གང་ཞིག་བསྒྲུབ་ཐུབ་པར་བལྟས་ནས། མི་རེ་ངོ་རེས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་གི་ནང་ནས། ངའི་འདི་བྱེད་ཐུབ་པ་ཞིག་བྱུང་ན། ༸རྒྱལ་བ་མཉེས་པའི་མཆོད་པ་དང་། སྐུ་ཚེ་ཞབས་བརྟན་ཡང་དེ་ལས་ལྷག་ཅིག་མེད་སྐོར་བཀའ་གནང་གྲུབ་པའི་མཇུག་ཏུ། ཕྲུ་གུ་ཚོའི་ཞལ་ལག་གི་དོད་དུ་ཧིན་སྒོར་ཁྲི་ལྔ་སྩལ་གནང་ཡོད་པ་བཅས།

གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྤོང་སཾ་བྷོ་ཊའི་བོད་དགེ་རྡོ་རྗེ་རིན་ཆེན།

སྔོན་མ།
འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་པ།
Menu